༉ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ འབྲུག་གི་དམིགས་བསལ་བདག་སྐྱོང་ལུང་ཕྱོགས་ དགེ་ལེགས ཕུག་དྲན་ཤེས་ཁྲོམ་ཚོགས་(ཇི་ཨེམ་སི)ཀྱི་ དཔལ་འབྱོར་འཆར་གཞི་ཨམ་ཚུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་བཞིན་དུ་ འདས་པའི་རེས་གཟའ་སྤེན་པ་ལུ་ གསར་བཏོན་འབད་མི་ ཇི་ཨེམ་སི་གི་ ཡོངས་འབྲེལ་དང་འཁྲིལ་བ་ཅིན་ ཡར་དྲག་དང་ གསར་བཏོན་གྱི་དོན་ལས་ དཔལ་འབྱོར་ལས་སྡེའི་ གཙོ་རིམ་༧ ངོས་འཛིན་འབད་དེ་ ཡོདཔ་ཨིན་པས།
ལས་འགུལ་གྱིས་ འབྲུག་གི་དཔལ་འབྱོར་ གཞི་སྒྱུར་འབད་ནི་མ་ཚད་ མི་སེར་ཚུ་གི་དོན་ལས་ མ་འོངས་གོ་སྐབས་བཟོ་བའི་སྐབས་ རྒྱལ་སྤྱི་ཚོང་ལམ་འབྲེལ་འཛིན་འབད་ནི་ལུ་ཡང་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
ཇི་ཨེམ་སི་གི་ ཡོངས་འབྲེལ་དང་འཁྲིལ་བ་ཅིན་ ཁྲོམ་དེ་ གསར་གཏོད་ཅན་གྱི་ ཁྲོམ་ཚོགས་གོང་འཕེལ་ ལས་འགུལ་ཅིག་ཨིནམ་ད་ དེ་ཡང་ དྲན་ཤེས་དང་ འཚོ་བ་ཆ་ཚང་ ཡུན་བརྟན་གྱི་གཞི་རྩ་དང་ དཔལ་འབྱོར་ཡར་དྲག་ གཅིག་སྒྲིལ་འབད་ནི་ཨིནཔས།
ཇི་ཨེམ་སི་དེ་ ལྷོ་ཡེ་ཤི་ཡ་དང་ ཨེ་སཱིན་ རྒྱ་ནག་མཐུད་སྦྲེལ་ནང་ ཆགས་ཏེ་ཡོདཔ་ད་ ཇི་ཨེམ་ལུ་བརྟེན་ འབྲུག་གིས་ཡུན་བརྟན་གོང་འཕེལ་ཁས་ལེན་དང་ དེ་གི་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་ དེ་ལས་ དེ་གི་ གཞུང་སྐྱོང་གཞི་བཀོད་ སྒྲིང་སྒྲི་ཡོད་མི་ཚུ་ ལག་ལེན་འཐབ་ནི་ཨིན་པས།
དེ་གིས་ ཇི་ཨེམ་སི་དེ་ འཛམ་གླིང་ནང་ དྲན་ཤེས་འགོ་ཁྲིདཔ་དང་ ཡུན་བརྟན་ཁྲོམ་ཚོགས་གོང་འཕེལ་ཅིག་སྦེ་ གཞི་བཙུགས་འབད་ནི་ རེ་བ་ཡོདཔ་ཨིན་པས།
ཇི་ཨེམ་སི་དེ་ ཡུན་བརྟན་མཉམ་བསྡོམ་དང་ ཆོས་འབྲེལ་ཞི་བདེ་ ཚོང་འབྲེལ་གྲུབ་འབྲས་འཚོལ་མི་ཚུ་གི་ འཛམ་གླིང་ཚོང་འབྲེལ་དང་ ཁྱད་རིག་ཚུ་གི་དོན་ལུ་ ས་གོ་ཅིག་ཨིནམ་ད་ ལས་འགུལ་དེ་ “རང་བཞིན་དང་བཟོ་སྐྲུན་”གྱི་ ལྟ་བ་དང་འཁྲིལ་འབད་ནི་ཨིནམ་ལས་ འབྲེལ་ཡོད་གཞི་བཀོད་ཚུ་ ཉམས་མེད་ཀྱི་ གནས་སྟངས་དང་ གཅིག་སྒྲིལ་འབད་ནི་ཨིན་པས།
ཇི་ཨེམ་སི་དེ་ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ལུ་ ཀི་ལོ་མི་ཊར་གྲུ་བཞི་༢,༥༠༠ ནང་ གཞི་བཙུགས་འབད་ནི་ཨིནམ་ད་ ཁྲོམ་སྡེ་གིས་ རང་བཞིན་གནས་སྟངས་དང་ ཆོས་དང་འབྲེལ་བའི་ བརྩི་མཐོང་ཐོག་ལས་ ཚོང་འབྲེལ་དང་ ཁྱད་རིག་ཅན་ཚུ་ལུ་ སེམས་ཤུགས་ཐོབ་ཚུགས་ནི་ཨིནམ་བཞིན་དུ་ དེ་གིས་ དཔལ་འབྱོར་གྲུབ་འབྲས་ གཅིག་མཐུན་བཟོ་ཚུགས་ནི་ཨིན་པས།
ད་རེས་ ཇི་ཨེམ་སི་གིས་ རྒྱལ་སྤྱི་ནང་འཁོད་ཀྱི་ ལས་སྡེ་དང་ ཚོང་འབྲེལ་པ་ དེ་ལས་ ཁྱད་རིག་ཅན་ ངོ་རྐྱང་ཚུ་ལས་ དང་འདོད་ཀྱི་ བསམ་བརྗོད་ཚུ་ ལེན་པའི་བསྒང་ཡོདཔ་ཨིན་པས།
ཇི་ཨེམ་སི་གོང་འཕེལ་ནང་ དཔལ་འབྱོར་མཉམ་སྡེ་ གཙོ་རིམ་༧ ལུ་ གཙོ་རིམ་བཟུང་ནི་ཨིནམ་ད་ དེ་ཚུ་ཡང་ ཆོས་དང་ གསོ་བ་དང་ཞི་བདེ་ ཤེས་རིག་དང་ཡོན་ཏན་ སྔོ་ལྗངས་ ཡང་ཅིན་ འཕྲུལ་རིག་བཟོ་གྲྭ་ དངུལ་འབྲེལ་ སོ་ནམ་འཕྲུལ་རིག་དང་ནགས་ཚལ་ དེ་ལས་ མཁའ་འགྲུལ་དཔལ་འབྱོར་ཚུ་ཨིན་པས།
ཇི་ཨེམ་སི་གིས་ ཆོས་ཕྱོགས་ཕྱུག་པའི་ལམ་སྲོལ་གྱི་ རྒྱལ་ཁབ་འདི་ གལ་གནད་ཆེ་བའི་ གསང་སྔགས་རྡོ་རྗེ་ཐེག་པའི་ལྟེ་བ་བཟོ་ནིའི་དོན་ལུ་ ཆོས་ཕྱོགས་ཀྱི་ལས་འགུལ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ཨིནམ་བཞིན་དུ་ དེ་གིས་ ལྟ་བཤལ་གོང་འཕེལ་ཐབས་བྱུས་ལུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
གསོ་བ་དང་ ཞི་བའི་ལས་སྡེ་ནང་ ཇི་ཨེམ་སི་གི་ ཉམས་མེད་གནས་སྟངས་དང་ ཁས་ལེན་དྲན་ཤེས་ཀྱིས་ འཛམ་གླིང་ནང་ དྲག་ཤོས་ཅན་གྱི་ གསོ་བ་དང་ ཞི་བདེ་ལྟེ་བ་ལྷན་ཐབས་འབད་ནི་དང་ དེ་ནང་ གཙོ་རིམ་བཟུང་མི་གིས་ ཇི་ཨེམ་སི་དེ་ གསོ་བའི་ལྟ་བཤལ་དང་ གཅིག་བསྡུས་སྨན་བཅོས་ དེ་ལས་ ཞིབ་འོལ་དང་གོང་འཕེལ་གྱི་ འགོ་ཁྲིདཔ་ཅིག་སྦེ་ བཟོ་ཚུགས་ནི་ཨིན་པས།
ཁྲོམ་སྡེའི་ཤེས་རིག་ལས་སྡེ་དེ་ ཡོན་ཏན་དཔལ་འབྱོར་གྱི་ གཞི་འགྱམ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ ཆེ་རིམ་ཤེས་ཡོན་དང་ འཕྲུལ་རིག་ལྷབ་སྦྱང་གཙུག་སྡེ་ཚུ་ལུ་ ངོས་ལེན་འབད་དེ་ ཇི་ཨེམ་སི་གིས་ རིག་སྟོབས་གོང་འཕེལ་དང་གསར་གཏོད་ཅན་གྱི་ གནས་སྟངས་སྒྲིང་སྒྲི་ དེ་ལས་ ལས་སྡེ་ག་རའི་ནང་ གོང་འཕེལ་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
དངུལ་འབྲེལ་ལྟེ་བའི་ནང་ ཇི་ཨེམ་སི་གིས་ དཔལ་འབྱོར་གྱི་གཙོ་བོ་༣ རྒྱ་ནག་དང་ རྒྱ་གར་ དེ་ལས་ བང་ལ་དེཤ་ཚུ་ལུ་ རྒྱལ་སྒོ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིན་མི་དེ་ཡང་ མ་རྩ་གཞི་བཙུགས་འབད་ནི་ལུ་ གོ་སྐབས་བྱིན་ཐོག་ལས་ འབད་ནི་ཨིན་པས།
སོ་ནམ་འཕྲུལ་རིག་དང་ ནགས་ཚལ་ཁྲོམ་སྡེ་གཙོ་རིམ་ནང་ འབྲུག་གི་ཕྱིར་ཚོང་དང་འབྲེལ་བའི་ སོ་ནམ་དང་བཟའ་འཐུང་ལས་སྡེ་དང་ འོས་འབབ་ཅན་གྱི་ ཤིང་ཆས་ཚུ་ བཟོ་སྐྲུན་ཅ་ཆས་ཅིག་སྦེ་ རྒྱ་སྐྱེད་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ཡོདཔ་ད་ ལས་རིམ་དེ་ལུ་བརྟེན་ ཇི་ཨེམ་སི་དེ་ བཟོ་སྐྲུན་དང་ བརྟག་དཔྱད་ དེ་ལས་ ཕྱིར་ཚོང་གི་ ལྟེ་བ་ཅིག་སྦེ་ གཞི་བཙུགས་འབད་ནི་ཨིན་པས།
ཇི་ཨེམ་སི་གི་ ཡོངས་འབྲེལ་དང་འཁྲིལ་བ་ཅིན་ ཇི་ཨེམ་སི་དེ་ རང་དབང་ཅན་གྱི་ བཀོད་ཁྱབ་དང་ ཁྲིམས་བཟོ་ དྲང་ཁྲིམས་ལམ་ལུགས་ཚུ་འོང་ནི་ཨིནམ་ད་ དེ་ལུ་ བློ་གཏད་དང་ འགན་འཁྲི་གི་དོན་ལས་ སྲིད་བྱུས་ཚུ་ འོང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།