༉ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་(ཇི་ཨེམ་སི་)གིས་ སིངྒ་པུར་གྱི་ཁྲིམས་ལུགས་དེ་ ཁྲིམས་ཀྱི་གཞི་བཀོད་ངོ་མ་ཅིག་སྦེ་ ལག་ལེན་འཐབ་ནི་ཨིནམ་ད་ དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་མི་ དམིགས་བསལ་རང་སྐྱོང་ལུང་ཕྱོགས་(ཨེས་ཨེ་ཨར་)ཀྱི་ ནང་འཁོད་ལུ་ ལས་སྡེ་མ་འདྲཝ་ཚུ་ བདག་སྐྱོང་འཐབ་ནི་གི་ གཞི་འགྱམ་སྒྲིང་སྒྲི་ཅིག་ བཟོ་ནིའི་དོན་ལུ་ཨིན་པས།
ཇི་ཨེམ་སི་གི་ ཁྲིམས་དོན་ནང་ འཛིན་སྐྱོང་མདོ་ཆེན་ བེན་ཇའོ་གིས་ སླབ་མིའི་ནང་ ཁྲིམས་དོན་སྒྲིག་གཞི་དེ་ སིངྒ་པུར་གྱི་ཁྲིམས་ལུགས་ལས་ འཐོབ་ནི་ཨིན་རུང་ ཇི་ཨེམ་སི་གིས་ རྒྱལ་སྤྱིའི་ལམ་ལུགས་དྲག་ཤོས་ཚུ་ གཅིག་ཁར་བསྡོམ་སྟེ་ ཡོངས་ཁྱབ་ལམ་ལུགས་ཅིག་ བཟོ་ནི་ཟེར་ཨིན་པས།
ཇི་ཨེམ་སི་དེ་ ཁྲོམ་གསརཔ་ཅིག་ཨིནམ་ལས་ ཇི་ཨེམ་སི་གིས་ ཚོང་འབྲེལ་ཡར་དྲག་གཏང་ནི་དང་ ཁྲིམས་དོན་གྱི་བྱ་རིམ་ཚུ་ ངེས་བརྟེན་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པས།
བེན་ཇའོ་གིས་ སླབ་མིའི་ནང་ ཁྲིམས་ལུགས་གསརཔ་བཟོ་མི་དེ་གིས་ མི་མང་གི་སེམས་ཁར་ མགུ་འཐོམ་འབྱུང་སྲིད་ནི་ཨིནམ་ད་ སིངྒ་པུར་གྱི་ཁྲིམས་ལུགས་དེ་ འཛམ་གླིང་ནང་ ངོས་འཛིན་ཅན་གྱི་ ལམ་ལུགས་ཅིག་ཨིནམ་ལས་ མི་སེར་དང་ ཚོང་པ་ཚུ་གི་དོན་ལུ་ གདམ་ཁ་ལེགས་ཤོམ་ཅིག་ཨིན་ཟེར་ཨིན་པས།
རྒྱལ་ཁབ་མང་ཤོས་ཅིག་གིས་ ཁྲིམས་ལུགས་འདི་ ཆ་འཇོག་འབད་དེ་ཡོདཔ་ལས་ ཇི་ཨེམ་སི་འདི་ ཚོང་ལས་ཚུ་གི་དོན་ལུ་ ཉེན་སྲུང་ཅན་གྱི་ ས་གོ་ཅིག་སྦེ་བཟོ་ཚུགས་ཟེར་ ཁོ་གིས་བཤད་པའི་ཁར་ ཁྲིམས་ཀྱི་གཞི་འགྱམ་སྒྲིང་སྒྲི་ཅིག་ བཟོ་དགོཔ་དེ་ ཁག་ཆེ་བས་ཟེར་ བཤདཔ་ཨིན་པས།
གོ་རིམ་དང་པའི་ནང་ ཉེན་སྲུང་དང་ སྒྲིག་གཞི་ཚུ་དང་འཁྲིལ་བའི་ ལས་སྣ་ཚུ་བཟོ་ནིའི་དོན་ལུ་ ཚོང་འབྲེལ་གྱི་སྒྲིག་གཞི་དང་ ཁྲིམས་ཀྱི་བྱ་རིམ་ཚུ་ལུ་ གཙོ་བོར་བཏོན་ནི་ཨིནམ་ད་ ཞི་རྩོད་དང་ཉེས་རྩོད་ཀྱི་ ཁྲིམས་ཚུ་ཡང་བཟོ་སྟེ་ མི་སེར་དང་ ཚོང་པ་ཚུ་གིས་ ཁྲིམས་ལུ་བརྩི་བཀུར་འབད་ནི་གི་ བྱ་སྤྱོད་ལུ་ ཡར་དྲག་གཏང་ནི་ཨིན་པས།
ཇི་ཨེམ་སི་རྒྱ་སྐྱེད་འབད་མི་དང་བསྟུན་ གོ་རིམ་༢ པའི་ནང་ ཁྲིམས་ཀྱི་ལམ་ལུགས་ཚུ་ འགོ་བཙུགས་ནི་ཨིནམ་ད་ དེ་ནང་ འདུམ་འགྲིག་དང་ དམིགས་བསལ་གྱི་ས་ཁོངས་ཚུ་ཡོདཔ་ད་ དེ་ཚུ་ ཚོང་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ བཟོ་ནི་ཨིན་མས།
ཁོ་གིས་འབད་བ་ཅིན་ ཁྲིམས་ཀྱི་གཞི་བཀོད་དེ་ མི་སྡེའི་རེ་འདོད་དང་བསྟུན་ཏེ་ བཟོ་དགོ་པའི་ཁར་ མི་སེར་གྱི་དགོས་མཁོ་ཚུ་ འགྲུབ་ཚུགསཔ་བཟོ་ནི་དང་ དཔལ་འབྱོར་ཡར་རྒྱས་གཏང་ཐབས་ལུ་ བཟོ་དགོཔ་ཨིན་ཟེར་ཨིན་པས།
ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་ ཇི་ཨེམ་སི་གིས་ ཚོང་ལས་དང་ མི་སེར་ཚུ་གི་དོན་ལུ་ གནས་སྟངས་བརྟན་ཏོག་ཏོ་བཟོ་ཐབས་ལུ་ ཁྲལ་དང་ ཅ་དམ་ཁྲལ་ཚུ་བརྩིས་ཏེ་ རང་བཞིན་གནས་སྟངས་དང་མཐུན་པའི་ སྒྲིག་གཞི་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
ཇི་ཨེམ་སི་ལས་འགུལ་གྱི་ འཐུས་མི་གཙོ་ཅན་ཅིག་ཨིན་མི་ བློན་ཆེན་བགྲེསཔ་ དྲགོས་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ལུ་ རང་དབང་གི་ ཁྲིམས་ལུགས་བཟོ་ནིའི་ དབང་ཚད་ཡོད་རུང་ རྒྱལ་ཁབ་གཞན་གྱི་ ལམ་ལུགས་ཚུ་ ལག་ལེན་འཐབ་པ་ཅིན་ དུས་ཚོད་འཕྲོ་བརླག་མི་འགྱོ་ནི་དང་ བྱ་རིམ་ཚུ་ཡང་ འཇམ་ཏོང་ཏོ་འགྱོ་འོང་ཟེར་ཨིན་པས།
ང་བཅས་ཀྱིས་ ལམ་ལུགས་ཚུ་ འགྲེལ་བཤད་རྐྱབ་ནི་ལུ་ དུས་ཚོད་འཕྲོ་བརླག་གཏང་མི་དགོ་ ག་ཅི་སྦེ་ཟེར་བ་ཅིན་ དེ་ཚུ་ ས་གནས་གཞན་ཚུ་ནང་ ལག་ལེན་འཐབ་ཚར་ཏེ་ཡོད་ནི་དེ་གིས་ཨིན་ཟེར་ ཁོ་གིས་ བཤད་ཡོདཔ་ཨིན་པས།
ཨིན་རུང་ ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་དགོས་མཁོ་ཚུ་ དུས་དང་བསྟུན་ཏེ་ བསྒྱུར་བཅོས་འགྱོ་ནི་ཨིནམ་ལས་ ཁྲིམས་ཀྱི་ལམ་ལུགས་དེ་ གོང་འཕེལ་འགྱོ་འོང་ཟེར་ཨིན་པས།
ཇི་ཨེམ་སི་གི་ དམིགས་ཡུལ་དེ་ དེང་སང་གི་ཁྲིམས་དོན་ལམ་ལུགས་ཅིག་ བཟོ་ནི་དེ་ཨིནམ་ད་ དེ་གིས་ གསར་བཏོད་དང་ ཡར་རྒྱས་ལུ་ ལྷན་ཐབས་འབད་ཚུགས་ནི་ཨིནམ་མ་ཚད་ ཁྲོམ་སྡེ་དེ་ ཚོང་འབྲེལ་དང་ གསར་བཏོད་ལྟེ་བ་ཅིག་སྦེ་ ཡར་རྒྱས་འགྱོ་ཚུགསཔ་སྦེ་ བཟོ་ནི་ཨིན་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement