༉ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ ནང་འཁོད་ལུ་ཚུད་མི་ རྒྱུ་དངོས་དང་ ས་ཆ་སྤོ་སོར་གྱི་དོན་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ གནང་བ་མ་ལེན་པའི་ཧེ་མར་ དགེ་ལེགས་ཕུག་གི་ ལས་བྱེད་སྡེ་ཚན་གྱིས་ བསྐྱར་ཞིབ་འབད་ནི་ཨིན་པས།
དེ་ཡང་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ ནང་འཁོད་ལུ་ཚུད་མི་ མིང་ཐོ་སྤོ་སོར་གྱི་དོན་ལུ་ གཅིག་མཚུངས་དགོ་པའི་ཁར་ བཙོང་མི་དང་ ཉོ་མི་གཉིས་ཆ་ར་གིས་ ངོ་སྦྱོར་འབད་ཐོག་ལས་ སྡེ་ཚན་གྱིས་ བཟོ་སྟེ་ཡོད་པའི་གནས་ཚད་དང་ ཆ་མཐུནམ་སྦེ་ དགོ་ནི་ཨིན་པས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་བྱེད་སྡེ་ཚན་གྱི་འཐུས་མི་ དགེ་ལེགས་ཕུག་ལུ་ སྒར་བཅག་སྡོད་མི་ བློན་ཆེན་བགྲེསཔ་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ འདི་བཟུམ་གྱི་ དབྱེ་ཞིབ་མཐིལ་ཕྱིན་འབད་དགོ་མི་དེ་ཡང་ ས་ཆ་ཚུ་ འཆར་གཞི་ཨམ་གྱི་ འཆར་གཞི་བཟོ་བཀོད་འབད་མིའི་ནང་ ཚུད་ཡོད་མེད་བལྟ་དགོ་ཟེར་ཨིན་པས།
ང་བཅས་ཀྱིས་ མི་སེར་ཚུ་ ས་ཆ་ཉོ་བཙོང་འཐབ་ནི་དོན་ལུ་ བཀག་ཆ་འབད་དེ་ མི་བཞག་ཟེར་ཨིནམ་ད་ གཙོ་བོ་ར་ ཉོ་བཙོང་འཐབ་མི་ས་ཆའི་གུ་ འཆར་གཞི་ཚུ་བརྩམས་ཏེ་ ཡོདཔ་འདྲཝ་འབད་བ་ཅིན་ དེ་ཚུ་བལྟ་ཞིབ་འབད་དགོཔ་ཡོདཔ་ད་ གལ་སྲིད་ གཙོ་རིམ་ཅན་གྱི་འཆར་གཞི་སྦོམ་ཚུ་ ས་ཆ་དེ་གི་ཐོག་ལུ་ཕོག་སྟེ་ ཡོད་པ་ཅིན་ ས་ཆ་ཉོ་བཙོང་འཐབ་མི་གཉིས་ཆ་ར་ལུ་ དྲན་གསོ་འབད་དགོཔ་ གལ་ཆེ་ཟེར་ཨིན་པས།
ས་ཆ་དེ་གི་སྐོར་ལས་ ཧ་གོ་ཞིནམ་ལས་ ས་ཆ་བཙོང་མི་གིས་ སའི་གོང་ཚད་ཡར་སེང་ འགྱོ་ནི་ལུ་དམིགས་ཏེ་ ཚོང་འབྲེལ་འཐབ་ནི་ལས་ བཤོལ་བཞག་ནི་ཨིནམ་ད་ ཡང་ཅིན་ ས་ཆ་ཉོ་མི་གིས་འབད་རུང་ འཆར་གཞི་དེ་ལུ་ ད་ལྟོ་ངེས་གཏན་སླབ་མ་ཤེསཔ་ལས་ མ་ཉོ་བར་བཞག་ནིའི་མནོ་བསམ་ཡང་ བཏང་འོང་ཟེར་ཨིན་པས།
ལམ་ལུགས་གསར་པའི་ནང་ ས་ཆ་བཙོང་མི་གིས་ གལ་སྲིད་ ས་ཆ་དེ་གི་གོང་ཚད་ ཡར་སེང་སོང་སྟེ་འབད་རུང་ ཤུལ་ལས་ ས་ཆའི་གོང་ཚད་ཡར་སེང་འབད་དེ་ ཐོབ་བརྗོད་བཀོད་མི་ཆོག་ནི་དང་ ས་ཆ་ཉོ་མི་གིས་འབད་རུང་ ཤུལ་ལས་ཉེན་ཁ་ཚུ་ ག་དེ་སྦེ་ཐོན་རུང་ འདི་ལུ་ངོས་ལེན་འབད་ནིའི་ མནོ་བསམ་བཏང་དགོཔ་ཡོདཔ་ཨིན་པས།
ས་ཆ་ཉོ་བཙོང་འཐབ་མི་ ཕན་ཚུན་གཉིས་ཆ་ར་གི་ ཁ་ཐུག་ལས་ འབྲེལ་བ་ཅན་གྱི་ཡིག་ཆ་ཚུ་ ཆ་ཚང་སྦེ་ རྫོང་ཁག་བདག་སྐྱོང་དང་ ཁྲོམ་སྡེ་ས་ཆ་ཐོ་བཀོད་སྡེ་ཚན་ནང་ བཙུགས་དགོཔ་ཨིན་པས།
ཁོང་གིས་ ཉོ་བཙོང་གི་ཡིག་ཆ་ཚུ་ ཞིབ་དཔྱད་འབད་ཞིནམ་ལས་ སྒྲིག་གཞི་ཚུ་ག་ར་ཚངམ་སྦེ་ བཀོད་དགོ་ནི་དང་ ཡིག་ཆ་ཞིབ་དཔྱད་མཐིལ་ཕྱིན་འབད་བའི་ཤུལ་ལུ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཀྱི་ ལས་བྱེད་སྡེ་ཚན་ལུ་ ཕུལ་ནི་དང་ དེ་ཡང་ སྒྲིག་གཞི་ལུ་གནས་ནི་ཨིན་ལུགས་ཀྱི་ མིང་རྟགས་བཀོད་ཐོག་ལས་ དགོཔ་ཨིན་པས།
སྡེ་ཚན་གྱིས་ ཡིག་ཆ་ཚུ་ བསྐྱར་ཞིབ་ལེགས་ཤོམ་སྦེ་ འབད་བའི་ཤུལ་ལུ་ ཡང་ཅིན་ ཆ་མེད་གཏང་ནི་དང་ ཡང་ཅིན་ རྫོང་ཁག་དང་ ཁྲོམ་སྡེ་ལས་གནང་བ་ཚུ་དགོ་པའི་ རྒྱབ་སྣོན་འབད་དེ་ བཏང་ནི་ཨིན་ཟེར་ཨིན་པས།
དེ་ཚུ་ག་ར་ཚང་ཞིནམ་ལས་རྐྱངམ་གཅིག་ མིང་ཐོ་སྤོ་སོར་གྱི་ཡིག་ཆ་ཚུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ གནང་བ་འགྲུབ་ནིའི་དོན་ལུ་ གློག་རིག་ཨི་ས་སྐོར་གྱི་ཐོག་ལས་ བཏང་ནི་ཨིན་པས།
དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ནང་ གསར་སྤང་རྫོང་ཁག་ ལྷ་མོའི་རྫིང་ཁ་ ཀརྨ་གླིང་ དེ་ལས་ དར་དཀར་ན་ ནི་ཅུ་ལ་རྒེད་འོག་དང་ གཞན་ཡང་ གཞལམ་སྒང་ལུ་ བསོད་ནམས་ཐང་ པཱན་སྦང་ དེ་ལས་ ཏུང་ཀུ་ལྡན་བ་ཚུ་ ཚུད་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement