༉ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་(ཇི་ཨེམ་སི་)རྒྱལ་སྤྱི་གནམ་ཐང་གི་ གཏན་འཁེལ་དུས་ཡུན་དངུལ་བཙུགས་ལས་རིམ་གྱི་ རྒྱུན་མངག་ཞག་དུས་དེ་ ཤུལ་མའི་ལོ་གི་ སྤྱི་ཟླ་༣ པའི་ཚེས་༣༡ ཚུན་ ཕར་འགྱངས་འབད་ཡོདཔ་ཨིན་པས།
ཇི་ཨེམ་སི་གི་ གཞུང་འབྲེལ་དངུལ་ཁང་ ཨོ་རོ་དངུལ་ཁང་དང་འཁྲིལཝ་ད་ ཞག་དུས་ཕར་འགྱངས་འབད་དགོ་མི་དེ་ཡང་ འབྲུག་གི་ མི་སྡེ་ཚུ་གིས་ དང་འདོད་སྦོམ་བསྐྱེད་པའི་ ངོས་ལེན་ལུ་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཕར་འགྱངས་འབད་མི་དེ་གིས་ རྒྱལ་ཁབ་ཕྱི་ཁར་སྡོད་མི་ འབྲུག་མི་ངོ་རྐྱང་ཚུ་ ཉེན་སྲུང་ཅན་དང་ ཁེབ་ས་སྦོམ་ཡོད་པའི་ དངུལ་བཙུགས་ལས་རིམ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་བྱིནམ་ཨིན་པས།
གཏན་འཁེལ་དུས་ཡུན་དངུལ་བཙུགས་ལས་རིམ་དང་འཁྲིལཝ་ད་ ཇི་ཨེམ་སི་ནང་ མ་རྩ་བཙུགས་འདོད་ཡོད་མི་ཚུ་ལུ་ གདམ་ཁ་ཡོད་མི་དེ་ཡང་ དུས་ཡུན་ལོ་༡༠གྱི་དོན་ལུ་ དོ་འགྲན་ཅན་གྱི་ ལོ་བསྟར་སྐྱེད་ཀྱི་ཚད་གཞི་དང་ ལོ་༥ འི་ཤུལ་ལས་ ཉེས་ཆད་བཏབ་མ་དགོ་པར་ ལོག་དངུལ་བཏོན་ཚུགས་པའི་ གདམ་ཁ་ཡོདཔ་ཨིན་པས།
ཨཱསི་ཊེ་ལི་ཡ་དང་ ཡུ་ཨེསི་ དེ་ལས་ ཀེ་ན་ཌ་ལུ་སྡོད་མི་ འབྲུག་མི་བརྒྱ་ལས་བཅད་མི་ཚུ་གིས་ གཏན་འཁེལ་དུས་ཡུན་དངུལ་བཙུགས་ལས་རིམ་ནང་ མ་རྩ་བཙུགས་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཀིངསི་ཊཱོན་རྒྱལ་སྤྱི་མཐོ་རིམ་སློབ་གྲྭའི་ འཛིན་སྐྱོང་མདོ་ཆེན་དང་ ཨེ་ཇུ་ཀེ་ཤཱན་ལས་སྡེ་ གཞི་བཙུགས་འབད་མི་ རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཇི་ཨེམ་སི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ གསོལ་རས་ཨིནམ་ལས་ ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་གིས་ རྒྱལ་ཁབ་ནང་ འགྱོ་མ་དགོ་པར་ གཏན་འཁེལ་དུས་ཡུན་དངུལ་བཙུགས་ལས་རིམ་ནང་ མ་རྩ་བཙུགས་ཏེ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་ ལས་རིམ་ནང་ ཨེ་ཡུ་ཌི་ས་ཡ་༡.༥ བཙུགས་ནིའི་ ཁས་བླངས་འབད་ཡོདཔ་མ་ཚད་ ཨོ་རོ་དངུལ་ཁང་གི་ རྩིས་ཁྲ་ནང་ མ་དངུལ་སྤོ་སོར་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ དུས་ཡུན་ཕར་འགྱངས་འབད་མི་དེ་ དུས་ཐོག་ལུ་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འབྲུག་མི་མང་རབས་ཅིག་ མ་རྩ་བཙུགས་ནིའི་ བློ་འདོད་ཡོད་རུང་ ཨོ་རོ་དངུལ་ཁང་དང་གཅིག་ཁར་ རང་སོའི་ རྩིས་ཁྲ་བཟོ་ནི་ལུ་ ལཱ་ཁག་རྐྱབ་སྟེ་འདུག་ཟེར་ཨིནམ་ད་ ལ་ལོ་ཅིག་ལུ་ འཕྲུལ་རིག་གི་དཀའ་ངལ་དང་ ཉེན་སྲུང་གི་ཚ་གྱང་ཚུ་ ལང་ནུག་ཟེར་ཨིན་པས།
རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ ཨོ་རོ་དངུལ་ཁང་གི་ སྡེ་ཚན་གྱིས་ ཨཱསི་ཊེ་ལི་ཡ་ལུ་ ཡར་དྲག་གཏང་ནི་དང་ མི་སྡེའི་ནང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་སྟེ་འདུག་ཟེར་ཨིནམ་ད་ ཁོ་གིས་ ཇི་ཨེམ་སི་ནང་ ལོ་བསྟར་བཞིན་དུ་ ཨེ་ཡུ་ཌི་ས་ཡ་༡ བཙུགས་ནིའི་ ཁས་བླངས་འབད་ཡོདཔ་ད་ དེ་ཡང་ རེལ་ལི་ལམ་དང་ སྣུམ་འཁོར་ལམ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ཨིན་པས།
ལོ་༡༠གྱི་ གཏན་འཁེལ་དུས་ཡུན་དངུལ་བཙུགས་ལས་རིམ་ནང་ ཡུ་ཨེསི་ཌི་༡,༠༠༠ལྷགཔ་ཅིག་བཙུགས་མི་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་ཅིག་གིས་ སླབ་མིའི་ནང་ མི་དབང་མཆོག་གིས་ ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་ལས་ ཐུགས་ཀྱི་རེ་བ་བསྐྱེད་མི་དང་བསྟུན་ མ་རྩ་བཙུགས་དགོ་པའི་ མནོ་བསམ་བཏང་ཡི་ཟེར་ཨིནམ་ད་ དེ་ཡང་ ང་རའི་རྒྱལ་ཁབ་དང་ ང་རའི་བུ་གི་ མ་འོངས་པའི་དོན་ལུ་ དངུལ་བཙུགས་ནི་དེ་ ཁག་ཆེ་ཟེར་ཨིནམ་ད་ འདི་གིས་ ང་ལུ་རེ་བ་དང་ རྒྱལ་ཁབ་ཡར་རྒྱས་གཏང་ནི་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ ཚོར་སྣང་བྱུངམ་མས་ཟེར་ཨིན་པས།
པཱརཐི་ལུ་སྡོད་མི་ འབྲུག་མི་ སྐལ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ང་རང་ མ་རྩ་བཙུགས་མི་ཅིག་སྦེ་མེན་པར་ འབྲུག་གི་དོན་ལུ་ མ་འོངས་ལེགས་ཤོམ་འོང་ནི་གི་ རེ་བ་བསྐྱེད་མི་ཅིག་སྦེ་ མཐོང་ཡི་ཟེར་ཨིནམ་ད་ ང་གིས་འབད་བ་ཅིན་ མི་གཞན་ཚུ་གིས་ཡང་ འདི་བཟུམ་སྦེ་ར་ མཐོང་འོང་ཟེར་ མནོ་མི་དེ་ཡང་ རྒྱལ་རབས་ཀྱི་ཆ་ཤས་ཅིག་སྦེ་ འགྱུར་ནིའི་གོ་སྐབས་དང་ འགན་ཁུར་འབག་ནི་ལུ་ ངོས་ལེན་ཅིག་ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ རང་བཙན་གོང་འཕེལ་འདུས་ཚོགས་བཟུམ་ཅིག་སྦེ་ རྒྱལ་པོའི་བཀའ་ཁྲིམས་ཀྱིས་ གཞི་བཙུགས་འབད་མི་ དགེ་ལེགས་ཕུག་མ་རྩ་གཞི་བཙུགས་དང་གོང་འཕེལ་ལས་འཛིན་གྱིས་ རྒྱལ་ཁབ་གོང་འཕེལ་དོན་ལུ་ འགོ་བཙུགས་མི་ ཨེ་ཤི་ཡ་གི་ ཨང་ཅན་དངུལ་ཁང་ འགོ་དང་པ་ ཨོ་རོ་དངུལ་ཁང་དང་གཅིག་ཁར་ མཉམ་འབྲེལ་འབད་ཡོདཔ་ཨིན་པས།
གཏན་འཁེལ་དུས་ཡུན་དངུལ་བཙུགས་ལས་རིམ་དེ་ རྒྱལ་ཁབ་ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་གི་དོན་ལུ་རྐྱངམ་གཅིག་ཨིནམ་ད་ ཁོང་གིས་ འབྲུག་གི་ མ་འོངས་གོང་འཕེལ་ནང་ བཅའ་མར་གཏོགས་ནི་དང་ ཕན་ཐོགས་འབྱུང་ནིའི་ གོ་སྐབས་འཐོབ་ནི་ཨིན་པས།
གཏན་འཁེལ་དུས་ཡུན་དངུལ་བཙུགས་ལས་རིམ་གྱིས་ གཏན་འཁེལ་དུས་ཡུན་དངུལ་བཙུགས་ཀྱི་ གདམ་ཁ་༤ བྱིན་དོ་ཡོདཔ་ཨིན་པས།
འབྲུག་མི་ཚུ་གིས་ དུས་ཡུན་ལོ་༡༠གྱི་དོན་ལུ་ དམའ་ཤོས་ཡུ་ཨེསི་ཌོ་ལར་༡,༠༠༠ཚར་གཅིག་གུ་ བཙུགས་ཚུགས་ནི་ཨིནམ་བཞིན་དུ་ ལོ་བསྟར་སྐྱེད་བརྒྱ་ཆ་༤ ཡུ་ཨེསི་ཌོ་ལར་ནང་ བྱིན་ནི་ཨིན་པས།
གདམ་ཁ་གཞན་མི་དེ་ ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་གིས་ ལོ་༡༠གྱི་རིང་ དམའ་ཤོས་ཡུ་ཨེསི་ཌོ་ལར་༡,༠༠༠སྟབས་གཅིག་ཁར་ བཙུགས་ནིའི་གོ་སྐབས་ཡོདཔ་བཞིན་དུ་ འབྲུག་གི་དངུལ་ཀྲམ་ནང་ ལོ་བསྟར་སྐྱེད་བརྒྱ་ཆ་༡༠རེ་ བྱིན་ནི་ཨིན་པས།
ཐེངས་གཅིག་འབད་མི་ དངུལ་བཙུགས་གདམ་ཁ་༢ ཆ་རའི་དོན་ལུ་ རྒྱུན་མངག་འབད་མི་ཚུ་གིས་ གཏན་འཁེལ་ཡར་སེང་ཐོག་ལས་ དངུལ་མང་སུ་སྦེ་ བཙུགས་ཚུགས་ནི་ཨིན་པས།
ཟླ་རིམ་དངུལ་བཙུགས་ནང་ སྤྲོ་བ་ཡོད་མི་ཚུ་གི་དོན་ལུ་ ལས་རིམ་དེ་གིས་ ཟླཝ་༢༤ ཀྱི་རིང་ ཟླཝ་རེ་ལུ་ དམའ་ཤོས་ཡུ་ཨེསི་ཌི་༢༥༠ལས་འགོ་བཙུགས་ ཟླ་རིམ་གཏན་འཁེལ་དུས་ཡུན་ རྒྱུན་མངག་འབད་ཚུགས་ནི་ཨིནམ་ད་ དེ་ཡང་ ཡུ་ཨེསི་ཌི་ནང་ ལོ་བསྟར་སྐྱེད་བརྒྱ་ཆ་༣ སྦེ་ཨིན་པས།
དེ་བཟུམ་སྦེ་ ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་གིས་ཡང་ ཟླཝ་༢༤ ཀྱི་རིང་ ཟླཝ་རེ་ལུ་ དམའ་ཤོས་ཡུ་ཨེསི་ཌི་༢༥༠ལས་འགོ་བཙུགས་ ཟླ་རིམ་གཏན་འཁེལ་དུས་ཡུན་གྱི་ གདམ་ཁ་རྐྱབ་ཚུགས་ནི་ཨིནམ་ད་ དེ་ཡང་ འབྲུག་གི་དངུལ་ཀྲམ་ནང་ ལོ་བསྟར་སྐྱེད་བརྒྱ་ཆ་༨ བྱིན་ནི་ཨིན་པས།
རྒྱུན་མངག་འབད་མི་ཚུ་གིས་ ལོ་༥ འི་ཤུལ་ལས་ ཉེས་ཆད་བཏབ་མ་དགོཔ་སྦེ་ ལོག་དངུལ་ལེན་ནིའི་ གདམ་ཁ་འཐོབ་ཚུགས་ནི་ཨིན་པས།
བཅའ་མར་གཏོགས་མི་ ཆ་མཉམ་གྱིས་ ངལ་རངས་ལག་ཁྱེར་ འཐོབ་ཚུགས་པའི་ཁར་ དགེ་ལེགས་ཕུག་གནམ་གྲུ་ཐང་གསརཔ་ནང་ ངོས་འཛིན་འབད་ནི་ཨིན་པས།
ལས་རིམ་ནང་ སྤྲོ་བ་ཡོད་མི་ ཕྱི་ཁར་སྡོད་མི་ འབྲུག་མི་ཚུ་གིས་ བྱ་རིམ་དེ་ མཇུག་བསྡུ་ནིའི་དོན་ལུ་ ཨོ་རོ་དངུལ་ཁང་གི་ རྩིས་ཁྲ་ཁ་ཕྱེ་དགོཔ་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།