༉ དགེ་ལེགས་ཕུག་ལུ་ རྒྱལ་སྤྱིའི་ས་མཚམས་ཁར་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ བཟོ་སྐྲུན་འབད་ནི་དེ་ ད་ལྟོ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ལས་འགུལ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ལུ་བརྟེན་ ཕར་འགྱངས་འབད་ཡོདཔ་ཨིན་པས།
དེ་ཡང་ དགེ་ལེགས་ཕུག་འདེམས་ཁོངས་ལས་ སྤྱི་ཚོགས་ཀྱི་འཐུས་མི་ ཧར་ཀ་སིང་ ཏ་མང་གིས་ སྤྱི་ཟླ་༧ པའི་ཚེས་༥ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ བཟོ་སྐྲུན་གྱི་གནས་སྟངས་སྐོར་ལས་ དྲི་བ་བཀོད་པའི་ལན་ལུ་ ནང་སྲིད་བློན་པོ་ ཚེ་རིང་གིས་ཞུ་ཡི།
ཧར་ཀ་སིང་ ཏ་མང་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ལུ་ རྒྱལ་སྤྱིའི་ས་མཚམས་ཁར་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཚོང་འབྲེལ་དང་ ལྟ་བཤལ་༢ ཆ་རའི་ མཐུན་རྐྱེན་ཚུ་ཚུད་དེ་ཡོད་པའི་ འཆར་གཞི་དང་ བཟོ་བཀོད་ཚུ་ གྲ་སྒྲིག་འབད་ཚར་ཏེ་ཡོད་རུང་ ད་ལྟོ་ ལག་ལེན་མ་འཐབ་པར་ཡོད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ འཆར་གཞི་དང་ བཟོ་བཀོད་ཚུ་ གྲ་སྒྲིག་ཡོད་རུང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ བཟོ་སྐྲུན་འབད་ནི་དེ་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ལས་འགུལ་ མཇུག་བསྡུ་བའི་ཤུལ་ལས་རྐྱངམ་གཅིག་ འགོ་འདྲེན་འཐབ་ཚུགས་ནི་མས་ཟེར་ཨིན་པས།
ལས་འགུལ་དང་འཁྲིལཝ་ད་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ལས་འགུལ་དང་གཅིག་ཁར་ བཟོ་སྐྲུན་འབད་ནི་ཚུ་ རིམ་བསྒྲིག་འབད་དགོཔ་འདུག་ཟེར་ བློན་པོ་གིས་ བཤད་ཡོདཔ་ཨིན་པས།
ཧར་ཀ་སིང་ ཏ་མང་གིས་འབད་བ་ཅིན་ ས་གནས་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ ཉིན་མའི་དུས་ཚོད་ལུ་ ལྟ་བཤལཔ་ཚུ་ ཚ་ཆུ་དང་ གསེར་གཤོང་ལྷ་ཁང་ དེ་ལས་ གསར་སྤར་ལུ་ ལྟ་སྐོར་འབད་བཅུག་པ་ཅིན་ཟེར་བའི་ བསམ་འཆར་བཀོདཔ་ཨིན་པས།
འདི་གི་ལན་ལུ་ ནང་སྲིད་བློན་པོ་གིས་ ཕྱི་མི་ནང་སྐྱོད་ཀྱི་ སྒྲིག་གཞི་དང་ ལམ་ལུགས་ཚུ་ལུ་བརྟེན་ ད་ལྟོ་ ངོས་ལེན་འབད་མི་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ཡང་ འདི་བཟུམ་མའི་ ཞུ་བ་ཕུལ་ཏེ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནིའི་ནང་ ལེགས་བཅོས་འབད་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ དགེ་ལེགས་ཕུག་བརྒྱུད་དེ་ འཐོན་འཛུལ་འབད་དགོ་མནོ་མི་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ལུ་ཡང་ ཆ་རོགས་འབད་ཚུགས་ནི་ཨིན་པས།
གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་དེ་ མི་དང་ཅ་ཆས་སྐྱེལ་འདྲེན་ནང་ ལྟ་རྟོག་དང་ ཚད་འཛིན་འབད་ནིའི་དོན་ལུ་ ཕན་ཁྱད་ཆེ་དྲགས་སྦེ་ འོང་ནི་ཨིནམ་མ་ཚད་ དེང་སང་གི་ མཐུན་རྐྱེན་དང་ ཅ་ཆས་ཚུ་ཡང་ གཞི་བཙུགས་འབད་ནི་ཨིན་པས།
གཅིག་སྒྲིལ་ཞིབ་དཔྱད་སྒོ་རའི་ ས་ཁོངས་ནང་འཁོད་ལུ་ ཅ་དམ་དང་ ཕྱི་མི་ནང་སྐྱོད་ དེ་ལས་ སྲུང་སྐྱོབ་འགོ་དཔོན་ཚུ་ གཅིག་ཁར་འབག་འོང་ཚུགས་པའི་ཁར་ ཁྲིམས་འགལ་ལས་སྣ་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ ངོ་ཚབ་ཚུ་ནང་འཁོད་ མཉམ་འབྲེལ་རྒྱ་སྐྱེད་འབད་ཚུགས་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།

ཧར་ཀ་སིང་ ཏ་མང་།

Advertisement