༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ལོ་༢༠༢༣-༢༤ གི་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ནང་ གཞུང་གི་ལས་ཚབ་ཁག་སོ་སོར་ཚུ་གིས་ དངུལ་ཀྲམ་ས་ཡ་༡༩༣.༥༦༤ དེ་ཅིག་ དོན་མེད་ཟད་འགྲོ་ འཕྲོ་བརླགས་བཏང་ཡོདཔ་སྦེ་ སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པས།
སྙན་ཞུའི་ནང་ གསལ་སྟོན་བྱུང་དོ་བཟུམ་འབད་བ་ཅིན་ ཟད་འགྲོ་འཕྲོ་བརླགས་བཏང་མི་ཚུ་ཡང་ རྒྱུ་དངོས་དང་ ཅ་ཆས་མཁོ་སྒྲུབ་ཚུ་ནང་ཨིནམ་ལས་ ལག་ལེན་འཐབ་མ་བཏུབ་པར་ ལུས་ཡོད་མི་ལུ་བརྟེན་ དེ་གིས་ མི་མང་གི་འཆར་དངུལ་ལུ་ གྱོང་རྒུད་སྦོམ་ཕོག་ཡོདཔ་ཨིན་པས།
རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་ལྟར་དུ་འབད་བ་ཅིན་ ལྡང་ངེས་མེད་མི་དང་ ཟད་འགྲོ་ཚུལ་མཐུན་མ་བཏང་མི་གིས་ གྱོང་རྒུད་སྦོམ་ཕོག་དོ་ཡོདཔ་ལས་ འཆར་དངུལ་གྱི་ཟད་འགྲོ་སོང་ཡོད་རུང་ དཔལ་འབྱོར་ལུ་ ཕན་ཐབས་མེད་པའི་ཁར་ སྒུལ་ཅན་གྱི་བརྩི་མཐོང་ཚུ་ བཟོ་མ་ཚུགས་པར་ ཡོདཔ་སྦེ་ཨིན་པས།
ལག་ལེན་མ་འཐབ་པར་ ཟད་འགྲོ་གནས་མི་དེ་ མི་མང་གི་ཐོན་ཁུངས་ཚུ་ འཆར་གཞི་ལེགས་ཤོམ་མ་བཟོ་བར་ འཛིན་སྐྱོང་ཕྱི་གྱུར་འཐབ་མི་དང་ འཆར་དངུལ་ཚད་འཛིན་མ་འབད་མི་ ཉེན་ཁ་ཅན་གྱི་ འཛིན་སྐྱོང་ལག་ལེན་ཚུ་ལུ་བརྟེན་ འབྱུང་དོ་ཡོདཔ་སྦེ་ ཨིནམ་བཞིན་དུ་ འདི་བཟུམ་གྱི་ གནད་དོན་ཚུ་ མཁོ་གལ་ངེས་བདེན་ཨིན་མིན་ ལྟ་ཞིབ་ལེགས་ཤོམ་ མ་འབད་བར་ གྲོས་གཞི་བཙུགས་མི་ལུ་བརྟེན་ བྱུང་ཡོདཔ་སྦེ་ཨིན་པས།
རྩིས་ཞིབ་ཀྱི་ སྙན་ཞུ་ལྟར་དུ་འབད་བ་ཅིན་ ལྟ་རྟོག་དང་ ཞིབ་འཇུག་ཚུ་ ལེགས་ལྡན་མ་འབད་བར་ མ་དངུལ་བཙུགས་མི་ལུ་བརྟེན་ བྱུང་ཡོདཔ་སྦེ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ དོན་མེད་ཟད་འགྲོ་འཕྲོ་བརླགས་ མཐོ་ཤོས་སྦེ་ཡོདཔ་ད་ སྨན་ཁང་གིས་ གནས་གོང་དངུལ་ཀྲམ་ས་ཡ་༡༡༧.༩༧༨ གནས་པའི་ ནད་བརྟག་ཅ་ཆས་མཁོ་སྒྲུབ་འབད་ཡོད་རུང་ ཅ་ཆས་དེ་ དགོས་མཁོ་ཡོད་མེད་ ངེས་བདེན་ལྟ་ཞིབ་མ་འབད་བར་ མཁོ་སྒྲུབ་འབད་མི་ལུ་བརྟེན་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
འདི་དང་འདྲཝ་སྦེ་ བསམ་རྩེ་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ བསམ་གྲུབ་ཆོས་གླིང་ལུ་ དངུལ་ཀྲམ་ས་ཡ་༤༠.༨༦༤ གནས་པའི་རྡོ་སོལ་འཕྲུལ་ཆས་ མཁོ་སྒྲུབ་འབད་མི་དེ་ ལག་ལེན་འཐབ་མ་ཚུགས་པར་ བཞག་ཡོདཔ་སྦེ་ཨིན་པས།
རྒྱལ་ཡོངས་ལོ་ཐོག་བསྡུ་གསོག་ལྟེ་བའི་ནང་ དངུལ་ཀྲམ་ས་ཡ་༡༢.༥༨༢ གནས་པའི་ བསིལ་མཛོད་ཁང་བཟོ་སྐྲུན་འབད་མི་དེ་ ཟད་འགྲོ་བཏང་ནིའི་ གྲོས་ཐག་བཅད་པའི་སྐབས་སུ་ ཚུལ་ལྡན་མ་འབད་མི་དང་ ཞིབ་འཇུག་མཐིལ་ཕྱིན་མ་འབད་བའི་ གནད་དོན་ལུ་བརྟེན་ ལཱ་མ་བཀོལ་བར་ སྟོངམ་སྦེ་བཞག་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་གི་ མཁོ་ཡར་གཡུས་ཚན་ནང་ དངུལ་ཀྲམ་ས་ཡ་༡༢.༠༩༦ གནས་པའི་ ཡིག་ཚང་གསརཔ་ བཟོ་སྐྲུན་འབད་ཡོདཔ་ཨིན་རུང་ ས་གནས་ཀྱི་མི་སྡེ་དང་ ས་གནས་གཞུང་གི་བར་ན་ ས་ཁོངས་ཀྱི་ བྱ་སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ ལཱ་མ་བཀོལ་བར་ བཞག་ཡོདཔ་སྦེ་ཨིན་པས།
ཀྲོང་གསར་རྫོང་ཁག་ནང་ དངུལ་ཀྲམ་ས་ཡ་༤.༧༦༤ གནས་པའི་ དུར་ཁྲོད་བཟོ་སྐྲུན་འབད་མི་དེ་ ཤུལ་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣.༩༩༡ ཐེབས་བཏང་ཐོག་ལས་ འཁོར་ལམ་གྱི་མཐུན་རྐྱེན་ལུ་ བསྒྱུར་བཅོས་འབད་ཡོདཔ་ད་ དུར་ཁྲོད་དེ་ ལག་ལེན་མ་འཐབ་པར་ བཞག་མི་དེ་ཡང་ དུར་ཁྲོད་བཟོ་སྐྲུན་འབད་བའི་སྐབས་སུ་ མི་སེར་དང་ གྲོས་བསྟུན་མ་འབདཝ་མ་ཚད་ ས་ཁོངས་ཚུ་ཡང་ ལེགས་ཤོམ་མེདཔ་ཨིན་པས།
གཞལམ་སྒང་ སྒོ་ཤིང་རྒེད་འོག་གིས་ ཤུར་སྤང་ལས་ ཨོ་གླིང་སྦིས་ཚུན་གྱི་སོ་ནམ་ཞིང་ལམ་ ཐག་ཐུང་ཀུ་བཟོ་དོན་ལུ་ དངུལ་ཀྲམ་ས་ཡ་༡.༢༨༩ ཟད་འགྲོ་བཏང་ཡོདཔ་ཨིན་རུང་ འཁོར་ལམ་མཐུད་སྦྲེལ་གྱི་ ཟམ་མེད་མི་ལུ་བརྟེན་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ཟད་འགྲོ་འཕྲོ་བརླགས་བཏང་མི་གིས་ མི་མང་གི་ཐོན་ཁུངས་ལུ་ གནོད་པ་སྦོམ་ར་བྱུང་སྟེ་ཡོདཔ་ད་ དམངས་རྩིས་འཆར་དངུལ་ཚུ་ ལག་ལེན་འཐབ་པའི་སྐབས་ལུ་ འགན་ཁུར་མ་འབག་པའི་ཁར་ དྭངས་གསལ་མིན་འདུག་ཟེར་ཨིན་པས།
འདི་བཟུམ་གྱི་འཐུས་ཤོར་ལུ་བརྟེན་ འཆར་གཞི་དང་ འཆར་དངུལ་ཚད་འཛིན་འབད་ནི་ ཉེན་ཁ་ཅན་གྱི་འཛིན་སྐྱོང་ལག་ལེན་ལུ་ སྟབས་མ་བདེཝ་ཡོདཔ་ལས་ ལས་ཚབ་ཚུ་གི་བར་ན་ ངེས་བརྟན་བཟོ་དགོཔ་ཡོདཔ་སྦེ་ སྙན་ཞུའི་ནང་ འཁོད་དེ་ ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།