༉ དཔལ་འབྱོར་ལྷན་ཐབས་ལས་རིམ་འཆར་དངུལ་ཐོག་ལུ་ དངུལ་ཁང་༧ གྱིས་ ཞུ་ཡིག་བཙུགས་མི་༧༧ ལུ་ དངུལ་ཀྲམ་ས་ཡ་༢༣༦.༠༣ ཆ་འཇོག་འབད་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༥ པའི་ནང་ གཞུང་གིས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ དཔལ་འབྱོར་མར་ཉམས་སོང་མི་ ཡར་བསྐྱེད་དོན་ལུ་ ཚོང་འབྲེལ་དང་ དཔལ་འབྱོར་རྒྱབ་སྐྱོར་འབད་དོན་ལུ་ ལྷན་ཐབས་འཆར་དངུལ་ཡར་སེང་ གོ་རིམ་གཉིས་པ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཡར་སེང་ལས་འཆར་དང་པའི་ ལས་རིམ་ཕབ་ཆག་ཐོག་ལུ་ དངུལ་ཁང་གིས་ ཞུ་ཡིག་བཙུགས་མི་༦༥ ལུ་ དངུལ་ཀྲམ་ས་ཡ་༢༡༡.༡༢ ཆ་འཇོག་འབད་བའི་ཁར་ ཡར་སེང་ལས་རིམ་ཕབ་ཆག་༢ པའི་ནང་ ཞུ་ཡིག་བཙུགས་མི་༡༢ ལུ་ དངུལ་ཀྲམ་ས་ཡ་༢༤.༩༡ ཆ་འཇོག་འབད་ཡོདཔ་ཨིན་པས།
ལས་འཆར་དང་པའི་ནང་ འབད་བ་ཅིན་ སྐྱེད་ཀྱི་ཕབ་ཆག་དེ་ཡང་ འོས་འབབ་ཅན་གྱི་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ ལོ་གསུམ་གྱི་རིང་ སྐྱེད་ཕབ་ཆག་བརྒྱ་ཆ་བཞི་ ལོ་བསྟར་རྩིས་བཀོད་ཐོག་ འཐོབ་ནི་ཨིན་པས།
ལས་འཆར་གཉིས་པའི་ནང་འབད་བ་ཅིན་ ཁ་སྐོང་སྐྱིན་འགྲུལ་བྱིན་ནི་དང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིན་འགྲུལ་གསརཔ་ལེན་པ་ཅིན་ དེ་གུ་ སྐྱེད་བརྒྱ་ཆ་བཞི་རེ་སྦེ་ འཐོབ་ནི་ཨིན་པས།
སྐྱིན་འགྲུལ་ལེན་མི་ཚུ་གིས་ ཕབ་ཆག་ཐོག་གི་སྐྱེད་དང་ སྐྱེད་ངོ་མའི་ཐོག་ལུ་ སྐྱིན་ཚབ་བཏབ་ནི་དེ་ རང་སོ་ལུ་ཕོག་པའི་ འགན་ཁུར་འབག་དགོ་ནི་ཨིན་པས།
སྐྱིན་འགྲུལ་ལེན་མི་ཚུ་གིས་ གོ་སྐབས་གཉིས་ཡོད་ས་ལས་ གཅིག་གདམ་ཁ་རྐྱབ་དགོཔ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དཔལ་འབྱོར་ལྷན་ཐབས་འཆར་དངུལ་དེ་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ སྐྱིན་འགྲུལ་མཁོ་འདོད་བཀོད་མི་དང་ དེ་གི་ཕན་ཐབས་ཚུ་ལུ་ གཞི་བཞག་ཐོག་ འཛིན་གྲོལ་འབད་ནི་ཨིན་པས།
དངུལ་ཁང་གིས་ ལོ་བསྟར་བཞིན་དུ་ སྐྱིན་འགྲུལ་ལེན་མི་ཚུ་གི་ ཐབས་བྱུས་ལུ་ ཞིབ་དཔྱད་འབད་ཐོག་ལས་ ཕབ་ཆག་དེ་ འཕྲོ་མཐུད་འཐོབ་ནི་ཨིན་ན་དང་ ཡང་ཅིན་ མི་འཐོབ་ནི་ཨིན་ན་ཚུ་ བལྟ་ཞིབ་འབད་ནི་ཨིན་པས།
སྤྱིར་སྙོམས་ལུ་ དངུལ་ཁང་གིས་ ཞུ་ཡིག་བཙུགས་མི་༢༢༥ ལྷོད་ཡོདཔ་ད་ དེ་ཁར་ སྐྱིན་འགྲུལ་ཡོངས་འབོར་ དངུལ་ཀྲམ་ས་ཡ་༦༣༥.༥ ཨིན་མི་ལས་ དངུལ་ཀྲམ་ས་ཡ་༤༦༣.༨ དེ་ ཕབ་ཆག་ལས་འཆར་དང་པའི་དོན་ལུ་ཨིནམ་ད་ དངུལ་ཀྲམ་ས་ཡ་༡༧༡.༧༠ དེ་ ཕབ་ཆག་ལས་འཆར་གཉིས་པའི་དོན་ལུ་ ཨིན་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ བཤད་མིའི་ནང་ གཞུང་གི་འཆར་གཞི་དེ་ ནད་ཡམས་ལུ་བརྟེན་ གནོད་ཉེན་བྱུང་མི་ཚུ་ ཡར་ཐོན་འབད་ཐབས་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
སྤྱིར་བཏང་གཞུང་གིས་ འཆར་དངུལ་ཐེར་འབུམ་༢ དེ་ ལག་ལེན་འཐབ་སའི་ ས་ཁོངས་ལེ་ཤ་ཅིག་ར་ཡོད་དེ་འབད་རུང་ ད་ལྟོ་ ང་བཅས་ཀྱིས་ གོ་སྐབས་ཚོང་འབྲེལ་ནང་ འབད་དགོ་མི་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ མར་ཉམས་སྦོམ་སྦེ་ར་ སོང་ཡོད་མི་ཚུ་ ཡར་ཐོན་འབད་ཐབས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ དངུལ་ཁང་ཚུ་གིས་ ཁོང་རའི་ཚོང་མགྲོན་པ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་ཡོད་མི་དེ་ཡང་ ཁོང་གི་ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ར་ཕོག་སྟེ་ ད་རེས་ཀྱི་ ལྷན་ཐབས་དེ་གིས་ རྒྱབ་སྐྱོར་འབད་ཚུགས་མི་དང་ བློ་གཏད་ཅན་ཚུ་ ངོས་འཛིན་འབད་དགོཔ་ཡོད་ཟེར་ཨིན་པས།
གྲོགས་རམ་དེ་གིས་ ལོ་གསུམ་གྱི་དོན་ལུ་ རྒྱ་སྐྱེད་འབད་ནི་ཨིན་རུང་ གལ་སྲིད་ ཚོང་འབྲེལ་དེ་ ཧེ་མ་བཟུམ་སྦེ་ར་ སྡོདཔ་འདྲཝ་འབད་བ་ཅིན་ དངུལ་ཁང་གིས་ ཚོང་འབྲེལ་པ་ཚུ་ལུ་ རྒྱབ་སྐྱོར་གྱི་མ་དངུལ་ཚུ་ གཞུང་ལུ་ལོག་སྤྲོད་དགོ་ཟེར་ཨིན་པས།
ལས་དོན་ནང་ བཅའ་མར་གཏོགས་མི་ དངུལ་འབྲེལ་གཙུག་སྡེ་ཚུ་གི་གྲས་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་དེ་ ཞུ་ཡིག་བཙུགས་མི་ མཐོ་ཤོས་ཨིན་མི་དེ་ཡང་ ཞུ་ཡིག་༦༢ ལྷོད་ས་ལས་༤༤ ལུ་དངུལ་ཀྲམ་ས་ཡ་༧༤.༣༣ ཆ་འཇོག་འབད་ཡོདཔ་ད་ དེ་ཁར་ ལས་འཆར་དང་པའི་ནང་ དངུལ་ཀྲམ་ས་ཡ་༦༢.༠༩ དང་ ལས་འཆར་གཉིས་པའི་ནང་ དངུལ་ཀྲམ་ས་ཡ་༡༢.༢༤ སྦེ་ཡོདཔ་ཨིན་པས།
འདི་དང་འདྲཝ་སྦེ་ འབྲུག་དངུལ་ཁང་གིས་ ཞུ་ཡིག་བཙུགས་མི་༩ ལུ་ དངུལ་ཀྲམ་ས་ཡ་༢༧.༥༨ ཆ་འཇོག་འབད་ཡོདཔ་ད་ ལས་འཆར་དང་པའི་ནང་ དངུལ་ཀྲམ་ས་ཡ་༢༦.༦༤ དང་ ལས་འཆར་གཉིས་པའི་ནང་ དངུལ་ཀྲམ་ས་ཡ་༠.༩༤ ཡོདཔ་བཞིན་དུ་ འབྲུག་དངུལ་ཁང་ནང་ ཞུ་ཡིག་བཙུགས་མི་༥༥ ལུ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༢༥༩.༣༩ ཐོབ་ཡོདཔ་ཨིན་པས།
འབྲུག་པི་ཨེན་བི་གིས་ ཞུ་ཡིག་བཙུགས་མི་༡༧ ལུ་ དངུལ་ཀྲམ་ས་ཡ་༡༢༠.༦༧ ཆ་འཇོག་འབད་ཡོདཔ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་གིས་ ཞུ་ཡིག་བཙུགས་མི་༩ ལུ་ དངུལ་ཀྲམ་ས་ཡ་༧.༣༦ ཆ་འཇོག་འབད་བའི་ཁར་ དངུལ་ཀྲམ་ས་ཡ་༣༦.༠༩ གི་དོན་ལུ་ ཞུ་ཡིག་༤༧ ལྷོད་ཡོདཔ་ཨིན་པས།
རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ ཞུ་ཡིག་བཙུགས་མི་༣ ལུ་ དངུལ་ཀྲམ་ས་ཡ་༦.༠༩ ཆ་འཇོག་འབད་བའི་ཁར་ དངུལ་ཀྲམ་ས་ཡ་༢༥.༥༧ གྱི་དོན་ལུ་ ཞུ་ཡིག་༡༨ ལྷོད་ཡོདཔ་ཨིན་པས།
ཊི་དངུལ་ཁང་གིས་ ཞུ་ཡིག་བཙུགས་མི་༩ ལུ་ དངུལ་ཀྲམ་ས་ཡ་༡༣.༩༡ ཆ་འཇོག་འབད་བའི་ཁར་ འབྲུག་ཉེན་བཅོལ་ཚད་ཀྱིས་ ཞུ་ཡིག་བཙུགས་མི་༡༧ གྱིས་ དངུལ་ཀྲམ་ས་ཡ་༡༧.༩༦ སྦེ་ཡོད་རུང་ ཞུ་ཡིག་བཙུགས་མི་ཅིག་ལུ་ཡང་ ཆ་འཇོག་མ་འབད་བར་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཞུ་ཡིག་༡༣༧ ཡོད་མི་ཚུ་ དབྱེ་ཞིབ་འབད་དོ་ཡོདཔ་ད་ ཡོངས་བསྡོམས་ལུ་ དངུལ་ཀྲམ་ས་ཡ་༢༩༦.༠༩ འབད་མི་གིས་ ལས་འཆར་དང་པའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༦༤.༡༩ དང་ ལས་འཆར་གཉིས་པའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༣༡.༩༠ སྦེ་ཡོདཔ་ཨིན་པས།
ད་ཚུན་ ཞུ་ཡིག་༢༡ ཆ་མེད་བཏང་ཡོདཔ་ད་ དེ་ཡང་ འོས་འབབ་དང་ ཁྱད་ཚད་ཚུ་མ་ལྡནམ་སྦེ་ ཡོད་ནི་དེ་གིས་ཨིནམ་ད་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱིས་ ཞུ་ཡིག་༡༦ ཆ་མེད་བཏང་བའི་ཁར་ འབྲུག་དངུལ་ཁང་གིས་ ཞུ་ཡིག་༦ ཆ་མེད་བཏངམ་མ་ཚད་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ ཞུ་ཡིག་༡ ཆ་མེད་བཏང་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།