༉ དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཨང་ཅན་དངུལ་བཟོ་ནིའི་ མོ་བཏབ་ལས་རིམ་ཅིག་ འགོ་བཙུགས་ཡོདཔ་ད་ དེ་ཡང་ འབྲུག་རྒྱལ་ཁབ་ནང་ མ་འོངས་པ་ལུ་ ཨང་ཅན་དངུལ་ ལག་ལེན་འཐབ་ནིའི་ དམིགས་གཏད་ལུ་ཨིན་པས།
དེ་ཡང་ ཡུ་ཨེསི་ལུ་ གཞི་བཙུགས་འབད་དེ་ཡོད་མི་ བོ་ལོག་ཅེན་དང་ ཀི་རིཔ་ཏོ་ སོ་ལུ་ཤཱན་ནང་ འགོ་ཁྲིདཔ་ཅིག་ཨིན་མི་ རི་པཱལ་ལེབསི་ལས་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ལོ་༢༠༢༡ གི་ཟླཝ་༩ པའི་ནང་ ཨང་ཅན་དངུལ་བཟོ་ནིའི་ མོ་བཏབ་ལས་རིམ་ འགོ་བཙུགས་ཡོདཔ་ཨིན་པས།
རི་པཱལ་གྱི་ ཡུན་བརྟན་བོ་ལོག་ཅེན་འཕྲུལ་རིག་ ལག་ལེན་འཐབ་སྟེ་ ཉེན་སྲུང་ལྡན་པའི་ཁར་ སྐྱེ་ལྡན་གནས་སྟངས་དང་མཐུན་པའི་ ཨང་ཅན་དངུལ་བཟོ་ནིའི་ དམིགས་གཏད་ཨིནམ་ད་ ཐབས་ལམ་དེ་གིས་ དངུལ་རྐྱང་ལག་ལེན་ མར་བབས་འགྱོ་མིའི་ དཀའ་ངལ་སེལ་ཐབས་འབད་ཚུགས་པའི་ ཕན་ཐོགས་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ དངུལ་ཁང་ལྟེ་བ་གིས་ མི་མང་ལུ་ ཤོག་དངུལ་རྐྱངམ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཨང་ཅན་དངུལ་གྱིས་ དངུལ་རྐྱང་ལག་ལེན་མར་བབས་འགྱོ་མིའི་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་པའི་ཁར་ དངུལ་འབྲེལ་ཡར་སེང་གི་དམིགས་གཏད་ འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཨང་ཅན་དངུལ་དེ་ ས་མཚམས་ཚུ་ནང་ དངུལ་སྤྲོད་ལེན་འབད་ནི་དང་ ཚོང་སྒྱུར་འཐབ་ནི་ དེ་ལས་ ཕྱི་ཁ་ལས་ ཏི་རུ་གཏང་ནིའི་དོན་ལུ་ མ་འོངས་པའི་དངུལ་སྦེ་ ལག་ལེན་འཐབ་འོང་ཟེར་ཨིན་པས།
མོ་བཏབ་ལས་རིམ་ནང་ གོ་རིམ་ལེ་ཤ་ཡོད་པའི་གྲངས་སུ་ འཕྲུལ་རིག་གཞི་བཙུགས་དང་ སེནཌ་བོགསི་བརྟག་དཔྱད་ ས་གོ་བརྟག་དཔྱད་ དེ་ལས་ ཉེན་སྲུང་བརྟག་དཔྱད་ཚུ་ དམ་དམ་སྦེ་ བཟོ་དགོཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སླབ་མིའི་ནང་ གཞི་རྟེན་མཐུན་རྐྱེན་དང་ ཡོངས་འབྲེལ་དེ་ བཅའ་མར་གཏོགས་མི་ གདམ་འཐུ་གྲུབ་མི་ཚུ་དང་གཅིག་ཁར་ མོ་བཏབ་གོ་རིམ་ཐོག་ལུ་ བཟོ་བཀོད་དང་ གོང་འཕེལ་ དེ་ལས་ གཞི་བཙུགས་འབད་ནི་ཟེར་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།