༉ དུས་ཅི་ སྤྱི་ཟླ་༦ པའི་ཟླ་མཇུག་ལུ་ དངུལ་བསྒྱུར་རྩིས་༥.༠༡ ལུ་ ལྷོད་ནི་བཟུམ་ཅིག་ཡོད་མི་ལུ་བལྟ་བ་ཅིན་ ཧེ་མ་དང་ཕྱདཔ་ད་ དངུལ་ཀྲམ་གྱིས་ ཏི་རུ་མངམ་བཟོ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
དེ་འབདཝ་ལས་ དངུལ་ཁང་གི་ལམ་ལུགས་ནང་ དངུལ་ཀྲམ་རེ་ གསར་བཏོད་འབདཝ་ད་ དཔལ་འབྱོར་ལུ་ དངུལ་ཀྲམ་༥.༠ གནས་པའི་ ཏི་རུ་བགོ་བཀྲམ་འབད་དོ་ཡོདཔ་ཨིན་པས།
དཔེར་ན་ དངུལ་བསྒྱུར་རྩིས་༥.༠༡ དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ཀྲམ་༡,༠༠༠ བཙུགས་པ་ཅིན་ དེ་གིས་ ཏི་རུ་ཡོངས་བསྡོམས་བགོ་བཀྲམ་ལས་ དངུལ་ཀྲམ་༥,༡༠༠ བཟོ་ནིའི་འོས་འབབ་ཡོདཔ་ཨིན་པས།
འདི་གིས་ དོན་དག་ག་ཅི་སྟོནམ་སྨོ?
དངུལ་བསྒྱུར་རྩིས་ཀྱིས་ ཏི་རུ་བགོ་བཀྲམ་ ཡར་སེང་སོང་བའི་ བརྡ་མཚོན་སྟོན་དོ་ཡོདཔ་བཞིན་དུ་ དེ་ཡང་ དངུལ་ཁང་ལམ་ལུགས་ནང་ ཧེ་མ་ བཙུགས་བཞག་ལས་ ཤེས་ཚུགས་ནི་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ བརྒྱ་ཁྱབ་དཔལ་འབྱོར་གནས་སྟངས་ཀྱི་ རྩིས་ལོ་༢༠༢༤-༢༥ གི་ བཞི་དཔྱ་དང་པའི་ སྙན་ཞུ་དང་འཁྲིལ་བ་ཅིན་ ན་ཧིང་ སྤྱི་ཟླ་༦ པའི་ནང་ དངུལ་བསྒྱུར་རྩིས་དེ་༤ ཡོདཔ་ད་ སྤྱི་ལོ་༢༠༢༣ ཟླ་༦ པའི་ནང་ དངུལ་བསྒྱུར་རྩིས་༤.༩༦ དང་ སྤྱི་ལོ་༢༠༢༢ ལུ་འབད་བ་ཅིན་ དངུལ་བསྒྱུར་རྩིས་༣.༥༡ ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ནང་འཁོད་སྐྱིན་འགྲུལ་ཡར་འཕར་དང་ ཏི་རུ་བཀྲམ་སྤེལ་འཛིན་སྐྱོང་འཐབ་ནིའི་དོན་ལུ་ དངུལ་རྐྱང་གསོག་འཇོག་ཆ་ཚད་ སྲིད་བྱུས་ཅིག་འབདཝ་ལས་ ལག་ལེན་འཐབ་དོ་ ཡོདཔ་ཨིན་པས།
འབྲུག་ལུ་ དངུལ་ཁང་ཚུ་གིས་ ཁྲིམས་མཐུན་ཐོག་ལས་ ཚོང་མགྲོན་པ་ཚུ་གི་ ཏི་རུ་བཙུགས་བཞག་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ནང་ བརྒྱ་ཆ་༨ གསོག་འཇོག་སྦེ་ བཞག་ཆོགཔ་ཨིན་པས།
དེ་འབདཝ་ལས་ དངུལ་ཁང་ཚུ་ནང་ དངུལ་ཀྲམ་༡༠༠ བཙུགས་པ་ཅིན་ དངུལ་ཀྲམ་༨ དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ ངེས་པར་དུ་ བཞག་དགོཔ་ལས་ དངུལ་ཁང་ཚུ་གིས་ དངུལ་ཀྲམ་༩༢ སྐྱིན་འགྲུལ་གཏང་ཆོག་ནི་ཨིན་པས།
དངུལ་བཀྲམ་སྤེལ་དེ་ དངུལ་བཀྲམ་སྤེལ་དང་ ཏི་རུ་དང་འབྲེལ་བའི་གཞི་གི་ ཆ་ཚད་ཅིག་ལུ་ ངོས་ལེན་འབད་དོ་ ཡོདཔ་ཨིན་པས།
དབང་འཛིན་གྱིས་ བཀོད་མིའི་ནང་ ཧེ་མ་དང་ཕྱདཔ་ད་ རྩིས་ལོ་༢༠༢༣-༢༤ ལུ་ དངུལ་བསྒྱུར་རྩིས་༤.༧ ལུ་ མར་བབས་སོང་མི་དེ་ཡང་ ཏི་རུ་འབྲེལ་བའི་གཞི་ ཡར་འཕར་སོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
འདས་པའི་རྩིས་ལོ་ནང་ ཏི་རུ་དང་འབྲེལ་བའི་གཞི་དེ་ དམའ་ཤོས་མ་ནེས་ བརྒྱ་ཆ་༢༠.༦ འབདཝ་ད་ དངུལ་ཀྲམ་ཐེར་འབུམ་༤༣.༦ ལས་ རྩིས་ལོ་༢༠༢༣-༢༤ ལུ་ དངུལ་ཀྲམ་ཐེར་འབུམ་༤༦.༨༧ ལུ་ ཡར་སེང་སོང་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྩིས་ལོ་༢༠༢༣-༢༤ ལུ་ དངུལ་ཁང་གི་ཐོབ་སྤྱོད་གསོག་འཇོག་དེ་ དངུལ་ཀྲམ་ཐེར་འབུམ་༣.༠༨ ལས་ དངུལ་ཀྲམ་ཐེར་འབུམ་༡༦.༩༡ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
དུས་ཚོད་དེམ་ཅིག་ནང་ དངུལ་ཁང་ཚུ་གི་ དངུལ་རྐྱང་གསོག་འཇོག་ཆ་ཚད་དེ་ དངུལ་ཀྲམ་ཐེར་འབུམ་༡༧.༣༡ ལས་ དངུལ་ཀྲམ་ཐེར་འབུམ་༡༧.༩༦ ལུ་ ཡར་འཕར་སོང་མི་དེ་ཡང་ དངུལ་ཁང་ཚུ་གི་ བུ་ལོན་གཙུགས་བཞག་ ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
དེ་བཟུམ་སྦེ་ དཔལ་འབྱོར་ནང་ དངུལ་བཀྲམ་སྤེལ་དེ་ཡང་ དངུལ་ཀྲམ་ཐེར་འབུམ་༢༡༦.༦༩ ལས་ རྩིས་ལོ་༢༠༢༣-༢༤ ལུ་ དངུལ་ཀྲམ་ཐེར་འབུམ་༢༢༠.༤༡ ཡར་འཕར་སོང་ཡོདཔ་ད་ དེ་ཡང་ དུས་ཚོད་དང་ གསོག་འཇོག་བཙུགས་བཞག་ལུ་བརྟེན་ཨིན་པས།
དཔལ་འབྱོར་ནང་ དངུལ་བཀྲམ་སྤེལ་ནང་ ཏི་རུ་ཁྱབ་སྤེལ་དང་ བརྗེ་སོར་ཅན་གྱི་དངུལ་བཙུགས་བཞག་ དེ་ལས་ དུས་ཚོད་བཙུགས་བཞག་ཚུ་ ཚུད་དོ་ཡོདཔ་བཞིན་དུ་ དེ་ཚུ་ཡང་ བརྗེ་སོར་འབད་ནི་གི་ བརྒྱུད་ལམ་ཅིག་སྦེ་ ངོས་ལེན་འབད་དོ་ ཡོདཔ་ཨིན་པས།
ཨིན་རུང་ དབང་འཛིན་གྱིས་ བཀོད་མིའི་ནང་ ཚོང་བསྒྲགས་གཞི་བཞག་དངུལ་གྱི་ སྲིད་བྱུས་བཟོ་ནི་ལུ་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ དཔྱ་སྙོམས་སྡོམ་ཉོ་སྤྱོད་ཤན་ཞུགས་འབད་ནི་གི་ སྐྱེད་ཚད་གཞི་དང་ མ་རྩ་གཞི་བཙུགས་སྦེ་ བཀོལ་སྤྱོད་འབད་མི་དེ་ཡང་ དངུལ་འབྲེལ་ཐབས་ལམ་ལུ་ དངུལ་གསོག་འཇོག་ཆ་ཚད་ལུ་ ཚད་གཞི་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དབང་འཛིན་གྱིས་ དམིགས་བསལ་ཐོན་སྐྱེད་མེད་པའི་ ལས་སྡེ་ཚུ་ལུ་ སྐྱིན་འགྲུལ་ཡར་དྲག་ལུ་ བརྒྱ་ཆ་ལག་ལེན་དང་ ལྟ་རྟོག་འབད་དོ་ཡོདཔ་ད་ དངུལ་འབྲེལ་སྲིད་བྱུས་ཚུ་ དམ་འཛིང་ཐོག་ལས་ ལྟ་རྟོག་འབད་མི་དེ་ཡང་ ཕྱི་དངུལ་གསོག་འཇོག་ ཕྱིའི་ཉེན་ཁ་ལུ་ གནོན་ཤུགས་བཀག་ཐབས་ལུ་ཨིན་པས།
ན་ཧིང་ སྤྱི་ཟླ་༦ པའི་ ནང་འཁོད་ལུ་ དངུལ་འབྲེལ་གཙུག་སྡེའི་ བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༢༢༠.༤༧ ལུ་ ལྷོད་དེ་ཡོདཔ་བཞིན་དུ་ དེ་ཚུ་ཡང་ ཁྱིམ་བཟོ་ལས་སྡེ་དང་ ཐོན་སྐྱེད་ བཟོ་གྲྭ་ དེ་ལས་ ལྟ་བཤལ་ཞབས་ཏོག་ལས་སྡེ་ཚུ་ལུ་བརྟེན་ཨིན་པས།
ཁྱིམ་བཟོ་ལས་སྡེ་ནང་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༦༦.༧༥ དང་ ཐོན་སྐྱེད་དང་བཟོ་གྲྭ་ལས་སྡེ་ནང་ དངུལ་ཀྲམ་ཐེར་འབུམ་༢༥.༠༩ ཟ་ཁང་དང་ ལྟ་བཤལ་ལས་སྡེའི་ནང་ དངུལ་ཀྲམ་ཐེར་འབུམ་༢༨.༨ ཞབས་ཏོག་ལས་སྡེའི་ནང་ དངུལ་ཀྲམ་ཐེར་འབུམ་༡༨.༩༨ དེ་ལས་ བཟོ་གྲྭ་ཚོང་འབྲེལ་ནང་ དངུལ་ཀྲམ་ཐེར་འབུམ་༡༨.༠༨ དང་ སོ་ནམ་ལས་སྡེའི་ནང་ དངུལ་ཀྲམ་ཐེར་འབུམ་༥.༦༣ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement