༉ ཕུན་ཚོགས་གླིང་ དཔག་བསམ་ཁ་ལུ་ སྣུམ་འཁོར་ཆེ་བ་ཚུ་ རྒྱུན་འགྲུལ་འཐབ་ནིའི་དོན་ལུ་ སྒྲིག་ཟམ་ཅིག་ཡོད་མི་དེ་ སྤྱི་ཟླ་༩ པའི་ཚེས་༣ ལས་འགོ་བཙུགས་ ལག་ལེན་འཐབ་མ་ཚུགསཔ་ལས་ ས་གནས་ནང་གི་ བཟོ་གྲྭ་ཁང་ཚུ་ལུ་ གདོང་ལེན་བྱུང་པའི་ཁར་ དམིགས་བསལ་དུ་ ཕེ་རོ་ཨེ་ལོ་ཡེསི་དང་ ས་གཏེར་འཕྲུལ་ཁང་ཚུ་ལུ་ གནོད་པ་བྱུང་ཡོདཔ་ཨིན་པས།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ སྣུམ་འཁོར་ཆུང་བ་ཚུ་རྐྱངམ་གཅིག་ རྒྱུན་འགྲུལ་འཐབ་བཅུག་དོ་ཡོདཔ་ད་ བཟོ་གྲྭ་ཁང་ཚུ་ལུ་ སྣུམ་འཁོར་ཊག་ནང་རྒྱུ་ཆས་ཚུ་ འབག་འོང་ནིའི་དོན་ལུ་ དགེ་འདུའི་འཁོར་ལམ་དེ་ ལག་ལེན་འཐབ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
སྒྲིག་ཟམ་དེ་ དཔག་བསམ་ཁ་ སེང་གེ་ཆུ་དང་སྦྲགས་ དཔག་བསམ་ཁ་ མ་ནི་ཊར་གྱི་ཟམ་བཟོ་སྐྲུན་འབད་དེ་ སྤྱི་ལོ་༢༠༠༦ ལས་འགོ་བཙུགས་ཡོད་རུང་ ཐེངས་ལེ་ཤ་ཅིག་ར་ ལཱ་མཇུག་བསྡུ་ནིའི་ དུས་ཚོད་འབྱིད་ཡོདཔ་ད་ ད་ལྟོ་ཡོད་པའི་ཟམ་དེ་ གནས་སྐབས་རྒྱུན་འགྲུལ་གྱི་དོན་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ པདྨ་རྣམ་རྒྱལ་ག་ལེ་གིས་ བཤད་མིའི་ནང་ བཟོ་གྲྭ་ཁང་ཚུ་གིས་ བཟོ་གྲྭའི་དོན་ལུ་ རྒྱུ་ཆས་ཚུ་ དགེ་འདུ་བརྒྱུད་དེ་ འབག་འོང་དོ་ཡོདཔ་ལས་ དེ་གིས་ སྐྱེལ་འདྲེན་གྱི་ཟད་འགྲོ་སྦོམ་ར་ གནས་དོ་ཡོདཔ་སྦེ་ཨིན་པས།
ཚོགས་སྡེ་གིས་ གཞི་རྟེན་དང་ སྐྱེལ་འདྲེན་ལྷན་ཁག་ལུ་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ཟམ་དེ་ ཉམས་བཅོས་མགྱོགས་སུ་འབད་དགོ་པའི་ ཡི་གུ་བཙུགས་མི་དེ་ཡང་ ཟམ་དེ་མགྱོགས་སུ་སྦེ་ ཉམས་བཅོས་འབད་བ་ཅིན་ བཟོ་གྲྭ་ཁང་ལུ་ ཟད་འགྲོ་ཚུ་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།
ཟམ་དེ་གིས་ བཟོ་གྲྭ་ཁང་སྦོམ་༤ ལུ་ ཕན་ཐོགས་བྱུང་མི་ཚུ་ཡང་ ས་གཏེར་ས་ཁོངས་དང་ འཐུང་ཆུ་ཐོན་སྐྱེད་འཕྲུལ་ཁང་ ཨོམ་བཟོ་སྒྱུར་ཁང་ཚུ་ཡོདཔ་ད་ ས་གཏེར་འཕྲུལ་ཁང་གསུམ་གྱིས་ དཔག་བསམ་ཁ་ལུ་ཡོད་པའི་ ཕེ་རོ་ཨེ་ལོ་ཡེསི་བཟོ་གྲྭ་ཁང་༨ ཡོད་མིའི་ རྒྱུ་ཆས་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
འདི་བཟུམ་གྱི་གདོང་ལེན་ཚུ་ ཡུན་འགྱངས་སྦེ་ ལུས་པའི་བསྒང་ལས་ བཟོ་གྲྭ་ཁང་ཚུ་ལུ་ དངུལ་འབྲེལ་གྱི་དཀའ་ངལ་དང་ ལག་ལེན་བསྟར་སྤྱོད་འབདཝ་ད་ དཀའ་ངལ་ཚུ་བྱུངམ་མས་ཟེར་ པདྨ་རྣམ་རྒྱལ་ག་ལེ་གིས་ བཤདཔ་ཨིན་པས།
བཟོ་གྲྭ་ཁང་ཚུ་ ད་ལས་ཕར་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ འགྱུར་དོ་ཡོད་མི་དེ་ཡང་ རྒྱུ་ཆས་ཀྱི་རིགས་ཚུ་ རྫོགས་དོ་ཡོད་པའི་ཁར་ དེ་གིས་ ཐད་ཀར་དུ་ བཟོ་གྲྭ་ཁང་གི་ ཐོན་སྐྱེད་འབད་ནི་ལུ་ གནོད་པ་སྦོམ་ར་ཡོདཔ་མ་ཚད་ དངུལ་འབྲེལ་གྱི་དཀའ་ངལ་ཚུ་ཡང་ ཡོད་ཟེར་ཨིན་པས།
ང་བཅས་ཚུ་ བཟོ་གྲྭ་ཁང་གི་ཉེ་འདབས་ལུ་ ཟམ་༢ ཡོད་དེ་འབད་རུང་ ལྕགས་ཚུ་ཉེན་ཁ་ཡོད་མི་ལུ་བརྟེན་ རྒྱུན་འགྲུལ་འབད་མ་བཅུག་པར་ བཞག་ཡོདཔ་ཨིན་པས།
དཔལ་ལྡན་ཚོང་ལས་ཀྱི་ འཛིན་སྐྱོང་མདོ་ཆེན་ པདྨ་བསྟན་འཛིན་གྱིས་ བཤད་མིའི་ནང་ འཁོར་ལམ་མེད་མི་ལུ་བརྟེན་ རྒྱུ་ཆས་ཚུ་བརྒྱ་ཆ་༤༠ དེ་ཅིག་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ ང་བཅས་ཀྱི་ དོས་སྐྱེལ་འདྲེན་འབད་མི་ ཊག་ཚུ་སྟོངམ་སྦེ་ ས་གནས་དགེ་འདུ་ལས་བརྒྱུད་དེ་ སྐོར་འགྱོ་དགོཔ་ད་ སྤྱིར་བཏང་ ས་ཁོངས་དེ་ ཀི་ལོ་མི་ཊར་༡.༥ གི་ས་གནས་ནང་ ཡོད་དེ་འབད་རུང་ ཟམ་མེད་མི་ལུ་བརྟེན་ དགེ་འདུ་ལས་བརྒྱུད་དེ་ འོང་དགོ་པས་ཟེར་ཨིན་པས།
ཤི་མཱ་མུ་ས་གཏེར་གྱི་ཇོ་བདག་ ཀརྨ་གིས་ བཤད་མིའི་ནང་ སེང་གེ་ཆུའི་ཟམ་སྒོ་བསྡམས་ཏེ་ ཟླཝ་ལང་ནི་འབད་མི་གིས་ ཁོ་གི་ ས་གཏེར་དང་འབྲེལབའི་ཚོང་ལཱ་དང་ དཔག་བསམ་ཁ་ཕེ་རོ་སི་ལི་ཀོན་བཟོ་གྲྭ་ནང་ རྒྱུ་ཆས་བཀྲམ་སྤེལ་འབད་ནིའི་ལཱ་ཚུ་ ཐོགས་ཏེ་ལུས་ཡོད་ཟེར་ཨིན་པས།
དཀའ་ངལ་འདི་ལུ་བརྟེན་ ཕྱིར་ཚོང་འཐབ་ནིའི་ལཱ་ཚུ་ཡང་ ག་ར་ཐོགས་ཏེ་ཡོད་ཟེར་ ཁོ་གིས་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ གསརཔ་ཅིག་མེན་པའི་ཁར་ དབང་འཛིན་ཚུ་ལུ་ ཧེ་མ་ལས་ བཟོ་གྲྭ་ཁང་དེ་ནང་ ཟམ་དེ་མེད་ཐབས་མེདཔ་ཅིག་ཨིན་ཟེར་ དྲན་བསྐུལ་འབད་ཡི་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་གྱིས་ བཤད་མིའི་ནང་ ཕུན་ཚོགས་གླིང་ལུ་ཡོད་པའི་ བཟོ་རིག་འགོ་དཔོན་དང་ ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ཚུ་གིས་ སྤྱི་ཟླ་༩ པའི་ཚེས་༣ ལུ་ ས་ཁོངས་དང་ ཟམ་ཚུ་ཞིབ་དཔྱད་འབད་ཡི་ཟེར་ཨིན་པས།
བརྟག་ཞིབ་སྡེ་ཚན་གྱིས་ ཟམ་དེ་ ཕྱོགས་ཅིག་ལས་ གག་འགྲམ་སྦོམ་ཐོན་པའི་ཁར་ ཟམ་གྱི་སྦུག་ལུ་ཡང་ ཆག་འགྲམ་ཚུ་ཞུགས་ཏེ་འདུག་ཟེར་ཨིན་པས།
ལས་ཁུངས་ཀྱིས་ དཱན་ཊག་ལས་འགུལ་ལུ་ ཟམ་དེ་ལུང་ཕྱོགས་ཡིག་ཚང་ལུ་ རྩིས་སྤྲོད་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
དཱན་ཊག་ལས་འགུལ་གྱིས་ འབད་རུང་ གནད་དོན་དེ་ལུ་ ངོས་ལེན་འབད་དེ་ ཡིག་ཚང་ལྟེ་བ་ལས་ གནང་བ་ལེན་དགོཔ་སྦེ་ སླབ་ཡོདཔ་ད་ གནས་སྐབས་ཀྱི་སྒྲིག་ཟམ་ཅིག་ཡང་ ས་ཁོངས་དེ་ནང་ལས་ བཟོ་སྐྲུན་འབད་ནི་སྦེ་ སླབ་ཅི་ཟེར་ཨིན་པས།
ང་བཅས་ཀྱིས་ དཱན་ཊག་ལས་འགུལ་གྱིས་ སླབ་མི་ལྟར་དུ་འབད་དེ་ཡོད་ཟེར་ཨིནམ་ད་ སྒྲིག་ཟམ་དེ་ ག་དེ་མགྱོགས་མགྱོགས་ བཟོ་སྐྲུན་འབད་ནི་སྦེ་ཡོད་ཟེར་ ལས་ཁུངས་ཀྱིས་ བཤདཔ་ཨིན་པས།
ལྷན་ཁག་གི་འོག་ལུ་ ཟམ་སྡེ་ཚན་གྱི་ བཟོ་རིག་གཙོ་འཛིན་ངོ་ཚབ་ བཀྲིས་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ ཟམ་རྙིངམ་ཐལ་བའི་གུ་ དོས་ཚད་ལས་བརྒལ་ཏེ་ འབག་མི་སྣུམ་འཁོར་ཚུ་གིས་ མེདཔ་བཏང་ནུག་ཟེར་ཨིནམ་ད་ སྤྱིར་བཏང་ ཟམ་དེ་གིས་ དོས་ལྗིད་ཚད་མེ་ཊིག་ཊོན་༣༠ མ་གཏོགས་མི་ཐེག་ནི་ཨིན་རུང་ ཚད་འཇལ་གྱི་མཐུན་རྐྱེན་མེད་མི་གིས་ གདོང་ལེན་ཚུ་འབྱུང་ནུག་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཟམ་དེ་ལོག་བཟོ་སྐྲུན་འབད་ནིའི་ལཱ་ཚུ་ འབད་དོ་ཡོདཔ་ད་ ཁོང་གི་ཁ་ཐུག་ལས་འབད་བ་ཅིན་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།