༉ རྒྱལ་པོའི་ཞིང་རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་ལས་ རྒྱལ་སྲུང་ཤོ་ཐེངས་དང་པའི་ནང་ སྦྱོང་བརྡར་བ་༢༨༦ གིས་ སྦྱོང་བརྡར་མཐར་འཁྱོལ་ཡོདཔ་ད་ ཟླཝ་༣ གྱི་སྦྱོང་བརྡར་ལས་རིམ་ནང་ སྒྲིག་ཁྲིམས་དང་ འགན་ཁུར་ དེ་ལས་ རྒྱལ་ཡོངས་ཀྱི་ངོ་རྟགས་ཅན་ཅིག་སྦེ་ བཅའ་མར་གཏོགས་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
སྦྱོང་བརྡར་མཐར་འཁྱོལ་གྱི་ དུས་སྟོན་བརྩི་སྲུང་ནང་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཐོག་ལས་ དེ་ཁར་ གཙུག་ལག་སློབ་དཔོན་ཀརྨ་རང་གྲོལ་དང་ གཞི་རྟེན་དང་སྐྱེལ་འདྲེན་བློན་པོ་ ཅན་དར་བྷ་དུར་གུ་རུང་ གཞུང་གི་འགོ་དཔོན་ རྫོང་ཁག་གི་ལས་བྱེདཔ་ དེ་ལས་ ཕམ་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཨ་ལུ་གི་ཨའི་ བདེ་སྐྱིད་ཆོས་འཛོམས་ཀྱིས་ བཤད་མིའི་ནང་ དུས་སྟོན་བརྩི་སྲུང་ནང་ མོ་ར་བཅའ་མར་གཏོགས་པའི་སྐབས་སུ་ མོ་གི་བུམོ་གིས་ ཟླཝ་གསུམ་གྱི་ རྒྱལ་སྲུང་སྦྱོང་བརྡར་ལས་རིམ་མཇུག་བསྡུ་མི་ལུ་བརྟེན་ མོ་ར་ འཁྲུལ་སྣང་ལངམ་མས་ཟེར་ཨིནམ་ད་ ང་གིས་ ངེ་གི་བུམོ་དེ་ལུ་ལྟཝ་ད་ འགྱུར་བ་ལེ་ཤ་ར་སོང་ཡོདཔ་སྦེ་ ཚོར་མི་དེ་ཡང་ ངེ་གི་ རེ་འདོད་ལས་ལྷག་སྟེ་ འགྱུར་བ་སོང་ནུག་ཟེར་ཨིནམ་ད་ ང་བཅས་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཡ་མཚན་ཅན་གྱི་ ལས་རིམ་གནང་མི་གིས་ ང་བཅས་ཀྱི་ཨ་ལུ་ཚུ་ལུ་ མ་འོངས་དོན་མཐུན་ཅན་སྦེ་ བཟོ་གནང་ཡི་ཟེར་ཨིན་པས།
ད་རུང་ བཀྲིས་གཡང་རྩེ་ལས་ཨིན་མི་ ཨ་ལུ་གི་ཨའི་གཞན་མི་ བསྟན་འཛིན་གྱིས་ བཤད་མིའི་ནང་ རྒྱལ་སྲུང་གིས་ མ་འོངས་པའི་ལམ་ཚུ་ ཧིང་སངས་ས་སྦེ་ བཟང་ནུག་ཟེར་ཨིནམ་ད་ སྦྱོང་བརྡར་རེ་རེ་བཞིན་ལུ་ སྒྱུར་བཅོས་ཚུ་མཐོང་དོ་ཡོདཔ་ལས་ ཁོང་གིས་ མ་འོངས་པའི་ནང་ རྒྱལ་ཁབ་ལུ་ ཞབས་ཏོག་ཞུ་ཚུགས་ཟེར་ཨིནམ་མ་ཚད་ ངེ་གི་བུ་དེ་ཡང་ དམག་མི་ནང་ བཙུགས་ནི་ཟེར་ཨིནམ་ད་ ཁོ་ར་ བསྟན་སྲུང་དམག་མི་འབད་ནི་ལུ་ སྤྲོ་བ་ཡོད་ཟེར་ཨིན་པས།
གཞལམ་སྒང་ལས་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ ཡེ་ཤེས་སྒྲོལ་མ་རྡོ་རྗེ་གིས་ བཤད་མིའི་ནང་ ལས་རིམ་དེ་གིས་ མོ་ལུ་སྒྱུར་བ་ཚུ་ འབག་འོང་ཚུགས་ཅི་ཟེར་ཨིནམ་ད་ རྒྱལ་སྲུང་ནང་འཛུལ་མི་གིས་ བློ་ཕམ་མེད་ཟེར་ཨིནམ་མ་ཚད་ སྦྱོང་བརྡར་དེ་གིས་ ང་ལུ་སྒྲིག་ཁྲིམས་དང་ འགན་ཁུར་ དེ་ལས་ ཆ་རོགས་ཚུ་གི་བར་ན་ དྲང་བདེན་ཚུ་གལ་ཆེཝ་ཨིནམ་ ཧ་གོ་ཚུགས་ཅི་ཟེར་ཨིནམ་ད་ ང་གིས་ མཐོ་རིམ་སློབ་གྲྭ་ནང་ འགྱོ་ནིའི་གོ་སྐབས་འཐོབ་པ་ཅིན་ མཐོ་རིམ་ཤེས་ཡོན་སྦྱང་ནི་དང་ གལ་སྲིད་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་ གོ་སྐབས་འཐོབ་མ་ཚུགས་པ་ཅིན་ རྒྱལ་སྲུང་གི་ལས་འགུལ་ནང་ ཞབས་ཏོག་ཞུ་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
སྐལ་བཟང་ཆོས་སྒྲོན་གྱིས་ འགན་ཁུར་གསརཔ་དང་ ཡུན་བརྟན་ཚུ་གི་སྐོར་ལས་ ཚོར་སྣང་བྱུང་ཡི་ཟེར་ཨིནམ་ད་ ང་གིས་ རྒྱལ་སྲུང་ནང་འཛུལ་བའི་སྐབས་ལུ་ ཚ་གྱང་ལང་ནི་དང་ སྤྲོ་བ་བསྐྱེད་ནི་གཉིས་ སེམས་ཁར་འཆར་ཡོད་རུང་ ད་རེས་ སྦྱོང་བརྡར་མཇུག་བསྡུ་བའི་བསྒང་ལས་ ང་ར་གཟུགས་སྟོབས་དང་ སེམས་ཁམས་གཉིས་ཆ་ར་ སྒྲིང་སྒྲི་སོང་སྟེ་ རྒྱལ་ཁབ་ལུ་ ཕྱག་ཞབས་ཏོག་ཞུ་ནི་ལུ་ གྲ་སྒྲིག་ཡོད་ཟེར་ མོ་གིས་བཤདཔ་ཨིན་པས།
སློབ་རིམ་༡༠ པའི་ནང་ལས་ཐོན་སྡོད་མི་ སུ་མཱན་ཐ་ཊལ་གྱིས་ བཤད་མིའི་ནང་ གཞན་དང་མ་འདྲ་བའི་ རྒྱལ་སྲུང་གི་གོ་སྐབས་ཐོབ་མི་གིས་ ང་ལུ་གོང་འཕེལ་དང་ རིག་རྩལ་ཡར་དྲག་བཏང་ཚུགསཔ་མ་ཚད་ རྒྱལ་ཁབ་ལུ་ ཤ་ཞན་བསྐྱེད་ནི་དེ་ རྒྱལ་དར་གཡུག་ནི་རྐྱངམ་གཅིག་མེན་པར་ ལག་ལེན་ཐོག་ལུ་ ཤ་ཞན་བསྐྱེད་དགོ་ཟེར་ཨིནམ་ད་ ང་གིས་ རྒྱལ་ཁབ་ཡར་རྒྱས་གཏང་ནི་ལུ་ ཞབས་ཏོག་ཞུ་ནིའི་ ཁས་བླངས་འབད་ནི་ཨིན་ཟེར་ཨིན་པས།
སུ་མཱན་ཐ་ཊལ་གྱིས་ རྒྱལ་སྲུང་དང་ བདེ་སྲུང་གི་ སྦྱོང་བརྡར་ལས་རིམ་༢ ཆ་ར་ མཇུག་བསྡུ་ཡོདཔ་ཨིན་པས།
སློབ་ཕྲུག་གཞན་ པདྨ་བསྟན་འཛིན་གྱིས་ ཁོ་གིས་ རྒྱལ་སྲུང་ནང་འཛུལ་མི་དེ་ རྒྱ་གར་ལུ་ སྨན་གཡོགཔ་གི་ སློབ་སྦྱོང་འབད་ནི་དེ་ཨིན་ཟེར་ཨིནམ་ད་ སྒྲིག་ཁྲིམས་དེ་ བཀའ་རྒྱ་ཉན་ནི་རྐྱངམ་གཅིག་མེན་པར་ བློ་གཏད་ཚུགས་ཐབས་དང་ དྲང་བདེན་ ཕན་ཚུན་གྱི་གུས་ཞབས་ལུ་ ཨིན་མས་ཟེར་ཨིནམ་ད་ སྦྱོར་བརྡར་དེ་གིས་ ང་ལུ་ གཟུགས་སྟོབས་སྒྲིང་སྒྲི་དང་ སེམས་ཁམས་ དེ་ལས་ གནས་རིམ་ཚུ་གི་སྐོར་ལས་ བསླབ་སྟོན་ཚུ་བྱིན་ཡི་ཟེར་ཨིན་པས།
སྨྱོ་རྫས་ལུ་ ཤུགས་ཐལ་མི་དང་ སྒྲིག་ཁྲིམས་མེད་པའི་གནད་དོན་ནང་ཡོད་མི་ དགེ་སློང་བགྲེསཔ་ཅིག་གིས་ཡང་ མི་ཚེའི་གནས་སྟངས་དེ་ རྒྱལ་སྲུང་སྦྱོང་བརྡར་ཐོག་ལས་ བསྒྱུར་བཅོས་སོང་ཡོདཔ་སྦེ་ཨིན་པས།
ད་རེས་འབདཝ་ད་ སྨྱོ་རྫས་དེ་ ངེ་གི་མི་ཚེའི་ནང་ བཟོད་བསྲན་མེདཔ་མ་ཚད་ མི་ཁུངས་ཚུ་ལུ་ཡང་ མ་བཏུབ་ཅིག་ཨིནམ་ཧ་གོ་བའི་ཁར་ རྒྱལ་སྲུང་གི་ སྦྱོང་བརྡར་མ་འབདཝ་འདྲཝ་འབད་བ་ཅིན་ ང་གིས་ ད་རེས་ འདི་བཟུམ་གྱི་ འགན་ཁུར་འབག་ཚུགས་མི་ཅིག་ལུ་ མ་འགྱུར་བར་སྡོད་སྡོདཔ་འོང་ནི་མས་ཟེར་ ཁོ་གིས་ བཤད་པའི་ཁར་ ང་གིས་ ལཱ་གཡོག་ཅིག་འཚོལ་ཞིནམ་ལས་ རྒྱལ་ཁབ་ལུ་ དོན་དང་ལྡན་པའི་ཞབས་ཏོག་ཞུ་ནི་ཨིན་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སྐལ་བཟང་ཆོས་སྒྲོན་གྱིས་ བཤད་མིའི་ནང་ མོ་ར་ རྒྱལཔོ་དང་ རྒྱལ་ཁབ་ དེ་ལས་ མི་སེར་ལུ་ གུས་ཞབས་ཀྱི་སྒོ་ལས་ ཕྱག་ཞུ་ནི་ལུ་ གྲ་སྒྲིག་ཡོད་པའི་ཁར་ སྦྱོང་བརྡར་གྱིས་ མི་ཚེ་ཡར་འཕེལ་གྱི་གནས་སྟངས་དང་ དོན་མཚུངས་ཀྱི་ གོ་སྐབས་བྱིནམ་མ་ཚད་ སྒྲིག་ཁྲིམས་ཅན་དང་ དུས་རབས་༢༡ པའི་ནང་ གྲ་སྒྲིག་ཅན་སྦེ་སྡོད་ནི་ལུ་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།
མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱལ་སྲུངཔ་ཐུགས་རྟེན་ནོར་བུ་དང་ པདྨ་བདེ་སྐྱིད་ལུ་ གསེར་གྱི་རྟགས་མ་དང་ བཀྲིས་རྡོ་རྗེ་དང་ བསོད་ནམས་ཡོན་ཏན་ལུ་ དངུལ་གྱི་རྟགས་མ་ དེ་ལས་ འཇིག་རྟེན་བཀྲིས་རྡོ་རྗེ་དང་ ཀུན་ལེགས་དབང་མོ་ལུ་ ཟངས་ཀྱི་རྟགས་མ་ཚུ་ ལས་རིམ་ནང་ལས་ ཁྱད་འཕགས་ཐོན་པའི་ངོས་འཛིན་ལུ་ གནང་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement