༉ སྤྱི་ཟླ་༥ པའི་ཚེས་༢༠ ལུ་ འཛམ་གླིང་ནང་ གངས་རི་མཐོ་ཤོས་ཅིག་ཨིན་མི་ མ་འུནཊི་ ཨེ་བ་རེསི་གུ་ འཛེགས་པའི་ཤུལ་ལས་ ལོག་རྒྱལ་ཁབ་ནང་ལྷོད་མི་ འཇིགས་མེད་རྡོ་རྗེ་དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ གངས་རི་མཐོ་ཤོས་གུ་ འབྲུག་མི་ག་གིས་ འགོ་དང་པ་ འཛེགས་ཚུགས་ཡོདཔ་ཨིན་ན་ ཁོ་ལུ་ སྣང་དག་མེད་ཟེར་ཨིན་པས།
མི་ཚུ་གིས་ ཀརྨ་རྒྱལ་མཚན་དེ་ མ་འུནཊི་ ཨེ་བ་རེསི་གུ་འཛེགས་མི་ འབྲུག་མི་དང་པ་ཨིནམ་སྦེ་ སླབ་མིའི་ཐད་ཁར་ འཇིགས་མེད་རྡོ་རྗེ་དཔལ་ལྡན་རྡོ་རྗེ་གིས་འབད་བ་ཅིན་ ཁོ་ལུ་ཡང་ གནད་དོན་དེའི་སྐོར་ལས་ དྲི་དཔྱད་འབད་མི་ འོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གལ་སྲིད་ ཀརྨ་རྒྱལ་མཚན་གྱིས་ ངོ་མ་སྦེ་ར་ མ་འུནཊི་ ཨེ་བ་རེསི་གུ་ འཛེགས་ཡོད་པ་ཅིན་ ལེགས་ཤོམ་ཨིན་པའི་ཁར་ སེམས་དགའ་བའི་ གཞི་གནད་ཅིག་ཨིནམ་ད་ འབྲུག་མི་ག་ར་འབད་རུང་ གངས་རི་མཐོ་ཤོས་གུ་ འཛེགས་ཚུགས་པ་ཅིན་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ མིང་གཏམ་དང་སྙན་གྲགས་ བཟོ་ཚུགས་པས་ཟེར་ཨིན་པས།
འབྲུག་ལས་ མ་འུནཊི་ ཨེ་བ་རེསི་གུ་ འགོ་དང་པ་འཛེགས་མི་ སྡེ་གོང་འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་དམིགས་ཡུལ་གཙོ་བོ་ར་ འབྲུག་གི་རྒྱལ་དར་ ཨེ་བ་རེསི་གི་སྤྱི་ཏོག་གུ་ འཕྱར་ནིའི་དམིགས་གཏད་བསྐྱེད་མི་དང་བསྟུན་ མཐར་འཁྱོལ་བྱུང་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
གདོང་ལེན།
བསྟན་སྲུང་དྲག་པོའི་དམག་སྡེ་གི་ སྡེ་གོང་འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ བཤད་མིའི་ནང་ ཨེ་བ་རེསི་གུ་ འཛེགས་ནི་དེ་ ཉེན་ཁ་སྦོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ གངས་རི་གུ་འཛེགས་པའི་སྐབས་ སྲོག་རླུང་མ་ལང་མི་དང་ འགྱེལ་ཏ་རྐྱབ་མི་ དེ་ལས་ ཁྱེགས་གུ་ལས་ འགྱེལ་ཏ་རྐྱབ་པ་ཅིན་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ ཨེ་བ་རེསི་གུ་འཛེགས་པའི་སྐབས་ གངས་རི་གུ་འཛེགས་ནིའི་དོན་ལུ་ དཔའ་བཅམ་མི་༩ ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ཁོ་གིས་ གངས་རི་གུ་ མ་འཛེགས་པའི་ཧེ་མར་ མང་ཤོས་ཅིག་གིས་ ཁོ་ལུ་ ཨེ་བ་རེསི་གུ་ འཛེགས་ནི་དེ་ འཇམ་ཏོང་ཏོ་སོང་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
ཨིན་རུང་ ཁོ་གིས་ སླབ་མིའི་ནང་ གནད་དོན་དེ་ བདེན་པ་ཅིག་མེནམ་ད་ མཐའ་བཅད་སྒར་ལས་ གངས་རི་གུ་ འཛེགས་པའི་སྐབས་ དབུགས་ཆད་ནིའི་གནས་སྟངས་ནང་ ལྷོདཔ་མས་ཟེར་ཨིན་པས།
ས་གོ་གི་མིང་ཡང་ ཧི་ལ་རི་ཨིསི་ཊེབ་དང་ ཡང་ཅིན་ འཆི་བའི་ས་གནས་ཅིག་སྦེ་ སླབ་དོ་ཡོདཔ་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ མང་ཤོས་ཅིག་གིས་ ས་གོ་དེ་ནང་ལས་ འབད་མི་ཚུགས་དོ་ཡོདཔ་ད་ ས་གོ་དེ་ཡང་ ཨེ་བ་རེསི་གངས་རི་ལས་ དུས་ཡུན་ཆུ་ཚོད་༡ གི་ འོག་ལུ་ཡོདཔ་ཨིན་པས།
ཧི་ལ་རི་ཨིསི་ཊེབ་ལུ་ ལྷོད་པའི་སྐབས་ འཇིགས་མེད་དཔལ་ལྡན་རྡོ་རྗེ་དེ་ ཤི་ནི་ར་འབད་ཡི་ཟེར་ཨིནམ་ད་ ཁོ་གི་ལམ་སྟོན་པ་ ཅཱག་ར་ རའེ་གིས་ ཁོ་གི་སྲོག་རླུང་དེ་ སྐར་མ་༡༧ ལུ་ རྫོགས་ནི་སྦེ་སླབ་སྟེ་ དེ་འཕྲོ་ལས་ སོར་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
འཇིགས་མེད་ཀྱིས་ སྲོག་རླུང་མེད་པར་ དུམ་གྲ་ཅིག་སྡོད་ནི་སྦེ་ སླབ་ཡོད་རུང་ ལམ་སྟོན་པ་གིས་ ཁོ་གི་ སྲོག་རླུང་ཁ་རས་བཏོན་ཞིནམ་ལས་ དེ་འཕྲོ་ལས་ འཇིགས་མེད་ཀྱི་གཟུགས་ཀྱིས་ གདོང་ལེན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཁོ་ར་ ཤི་ནི་མས་ཟེར་ མནོ་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་སྟོན་པ་གིས་ ཁ་རས་དེ་ ཚབ་བཙུགས་འབད་ནིའི་ དཔའ་བཅམ་པའི་སྐབས་ སྙོམ་སྒྲིག་ཡོ་ཆས་དེ་ ཆག་སོ་པའི་ཤུལ་ལས་ ལམ་སྟོན་པའི་ སྲོག་རླུང་ཁ་རས་དེ་ ཁོ་ལུ་བྱིན་པའི་ཤུལ་ལས་ གངས་རི་གུ་ འཛེགས་ཚུགས་ཅི་ཟེར་ཨིན་པས།
འཆི་བའི་ས་གནས་ལས་ འཛེགས་པའི་སྐབས་ མི་ཅིག་གིས་ རྒྱབ་སྐྱོར་འབད་ཡོད་པའི་་ ཚོར་སྣང་བྱུང་ཡོདཔ་བཞིན་དུ་ ཁ་རྗེ་དེ་ དགོས་མཁོ་ཅན་ཅིག་འདུག་ཟེར་ སྐྱེས་ལོ་༢༤ ལང་མི་ འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་མཆོག་དང་ ཆོས་སྐྱོང་སྲུང༌མ་ གཞུང་གྲྭ་ཚང་ཚུ་གིས་ ཐུགས་སྨོན་དང་ བཟའ་ཚང་དང་ཕམ་སྤུན་ཆ་ དེ་ལས་ འབྲུག་མི་ཚུ་གི་ སྨོན་ལམ་ལུ་བརྟེན་ གངས་རི་གུ་ མཐར་འཁྱོལ་ཅན་སྦེ་ འཛེགས་ཚུགས་ཅི་ཟེར་ཨིན་པས།
འཇིགས་མེད་ཀྱིས་ སླབ་མིའི་ནང་ གངས་རི་གུ་འཛེགས་པའི་སྐབས་ གངས་རི་གུ་འཛེམས་མི་ཚུ་ བཟའ་ཁམས་མེད་པར་ ཞན་ཁོག་འགྱོ་དོ་ཡོདཔ་ད་ ཁོ་ར་ མང་ཤོས་ར་ ཀོ་ཀ་དང་ ཆུ་ཚ་ཏོམ་འཐུང་ཡོདཔ་བཞིན་དུ་ ཁོ་གིས་ སྲོག་རླུང་གི་ ཁ་རས་ཡང་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་༧,༣༠༠ ལུ་ཡོད་མི་ སྒར་༣ པ་ལས་རྐྱངམ་གཅིག་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
མ་དངུལ་གྱི་རྒྱབ་སྐྱོར།
ཨེ་བ་རེསི་གུ་འཛེགས་ནིའི་དོན་ལུ་ ཟད་འགྲོ་ལྕི་དྲགས་ གནས་དོ་ཡོདཔ་ད་ འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ དངུལ་ཀྲམ་༧༠༠,༠༠༠ གནས་པའི་ དམིགས་བསལ་གྱི་ གངས་རི་གེར་ཚུ་ མ་བརྩིས་བར་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥ བཏང་ཡོདཔ་ཨིན་པས།
འཇིགས་མེད་དཔལ་ལྡན་རྡོ་རྗེ་ལུ་ འབྲུག་པའི་ལྟ་བཤལ་ལས་སྡེ་ དུ་སིཊ་ཌི་༢ དང་ ཌ་ལ་ཟ་ཁང་ ཨེཊ་ཨི་ལེ་བཱན་ བློ་ལྡན་གཞི་ཚོགས་ དེ་ལས་ གཡང་འཕེལ་ཚུ་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ ཁོ་གིས་ དགའ་ཚོར་སྦོམ་བསྐྱེད་ཡོདཔ་ཨིན་པས།
འཇིགས་མེད་དཔལ་ལྡན་ཁོ་ར་ གཟུགས་སྟོབས་སྒྲིང་སྒྲི་ཡོདཔ་ལས་ ཅ་ལ་ཚུ་ ཁོ་གིས་ར་ འབག་སོང་ཡོདཔ་ལས་ ཟད་འགྲོ་མར་ཕབ་འབད་ཚུགས་ཡོདཔ་ད་ གངས་རི་གུ་འཛེགས་མི་ ལ་ལོ་ཅིག་གིས་ ལམ་སྟོན་པ་ཚུ་ལུ འབག་བཅུག་པ་ཅིན་ ཡུ་ཨེསི་ཌོ་ལར་༡,༥༠༠ ལས་༢,༠༠༠ ཀྱི་བར་ན་ བྱིན་དགོཔ་བྱུང་དོ་ཡོདཔ་ཨིན་པས།
འགོ་དང་པ་ འཇིགས་མེད་ཀྱིས་ ཨེ་བ་རེསི་ལུ་ ལྷོད་ནི་གི་ མཐའ་བཅད་ལམ་ཁར་ ཁུར་ཆ་ཀེ་ཇི་༡༤ འབག་ཚུགས་ཡོད་རུང་ ཀེ་ཇི་༨ འབག་ཡོདཔ་ད་ ཁོ་གི་ ལམ་སྟོན་པ་གིས་ ཁོ་གི་ ཉལ་ཁུག་རྐྱངམ་གཅིག་ འབག་ཡོདཔ་ཨིན་པས།
ཤེར་པ་ལས་མགྲོན་བརྡ།
ལོ་༡ དང་ཕྱད་ཀྱི་ཧེ་མར་ འཇིགས་མེད་དཔལ་ལྡན་རྡོ་རྗེ་ལུ་ ནེ་པཱལ་གྱི་ པོའི་ནར་ཨེཌ་བིན་ཅཱར་ལས་སྡེའི་ པ་སངས་བསྟན་འཛིན་ཤེར་པ་གིས་ ཨེ་བ་རེསི་གུ་ འཛེགས་དགོ་པའི་ མགྲོན་བརྡ་ལྷོད་ཡོདཔ་ཨིན་པས།
དེ་ལས་ ཁོ་གིས་ གངས་རི་གུ་འཛེགས་ནིའི་ གནད་དོན་ཐོག་ལུ་ ཞིབ་འཚོལ་འབད་བའི་ཤུལ་ལས་ མགྲོན་བརྡ་དེ་ལུ་ ངོས་ལེན་འབད་ཡོདཔ་ད་ འཇིགས་མེད་གྱིས་ འབྲུག་དང་ ནེ་པཱན་ལུ་ མཐོ་ཚད་ཡོད་ས་ལས་ཕར་ རྒྱུན་འགྲུལ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གངས་རི་ཅན་གྱི་ རྒྱལ་ཁབ་ནང་ལས་ འོང་ནི་དེ་གིས་ གོམས་འདྲིས་ཚུདཔ་མས་ཟེར་ཨིནམ་ད་ གངས་རི་གུ་ འཛེགས་མི་སྡེ་ཚན་ཚུ་གི་གྲས་ལས་ ཁོ་ར་ གཞོན་ཤོས་ཅིག་ཨིན་པས།
ཨེ་བ་རེསི་གི་ རྩ་བའི་སྒར་ནང་ལྷོདཔ་ད་ ལམ་སྟོན་པ་ཚུ་གིས་ མཐོ་ཚད་ཚུ་ནང་ རྒྱུན་འགྲུལ་འཐབ་ནི་ལུ་ སྦྱོང་བརྡར་ཚུ་བྱིན་ཡོདཔ་ད་ ལམ་སྟོན་པ་ཚུ་གིས་ སྒར་མ་འདྲཝ་ཚུ་ནང་ སྲོག་རླུང་ཐེབས་བཞག་ཡོདཔ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༧ ལུ་ འཇིགས་མེད་དཔལ་ལྡན་རྡོ་རྗེ་ སྤ་རོ་ རྒྱལ་སྤྱི་གནམ་གྲུ་ཐང་ནང་ལྷོདཔ་ད་ ཁོ་རའི་བཟའ་ཚང་ནང་མི་དང་ གཞུང་གི་ངོ་ཚབ་ སློབ་ཕྲུག་ དགེ་སློང་ དེ་ལས་ བསྟན་སྲུང་དྲག་པོའི་དམག་སྡེ་ལས་ འཐུས་མི་ཚུ་གིས་ བསུ་བ་འབད་ཡོདཔ་ཨིན་པས།
རང་ལུགས་ཀྱི་ བསུ་བའི་རྟེན་འབྲེལ་ལས་རིམ་ཡང་ གནམ་གྲུ་ཐང་དང་ ཤར་པ་བསྟན་སྲུང་ཡིག་ཚང་༢ ཆ་རའི་ནང་ འབད་ཡོདཔ་ད་ འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་རའི་ དམིགས་ཡུལ་འགྲུབ་ཐབས་དོན་ལུ་ འབྲུག་པའི་ ན་གཞོན་ཚུ་གིས་ ལཱ་རྩ་འགེངས་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ འཇིགས་མེད་དེ་ ན་གཞོན་ཚུ་གི་དོན་ལུ་ དཔེ་བལྟ་ས་ཅིག་ལུ་ གྱུར་ཡོདཔ་ད་ ཁོ་ར་འབད་རུང་ འཇིགས་མེད་བཟུམ་སྦེ་ ལཱ་རྩ་འགེངས་འབད་འོང་ཟེར་ཨིན་པས།
བློན་ཆེན་ཡིག་ཚང་གི་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ དགའ་ཚོར་དང་ ངལ་རངས་ཡོད་ལུགས་ཚུ་ གསལ་བཀོད་འབད་དེ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།