༉ ཐིམ་ཕུག་ལུ་ སྒེར་གྱི་སློབ་གྲྭ་ཅིག་ཨིན་མི་ དཔལ་འཁྱིལ་སློབ་གྲྭ་གིས་ རྒྱལ་སྤྱི་ཀེམ་བི་རིཇི་རྩ་གཞུང་ ཧྲིལ་བུམ་ལག་ལེན་འཐབ་ནི་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
འདི་བཟུམ་མའི་ རྩ་གཞུང་ལག་ལེན་འཐབ་མི་དེ་ རྒྱལ་ཁབ་ནང་ སློབ་གྲྭ་འགོ་དང་པ་ཨིན་པས།
གནད་དོན་དེའི་སྐོར་ལས་ སློབ་གྲྭ་ཚུ་གི་བར་ནང་དང་ ཤེས་རིག་ལྷན་ཁག་ དེ་ལས་ ཀེམ་བི་རིཇི་མཁས་མཆོག་ཚུ་གི་བར་ན་ གྲོས་བསྟུན་མང་རབས་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སློབ་གྲྭ་གིས་ རྩ་གཞུང་དེ་ ཧེ་མ་ལས་ར་ མོ་བཏབ་ཐོག་ལས་ བློ་གསར་སློབ་རིམ་ལས་ སློབ་རིམ་༢ པ་ཚུན་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ མ་འོངས་སློབ་དུས་ལས་ རྩ་གཞུང་དེ་ སློབ་རིམ་༣ པའི་ འགོ་བཙུགས་ནི་གི་ ལས་འཆར་སྡོ་ཡོདཔ་ཨིན་པས།
ཀེམ་བི་རིཇི་རྩ་གཞུང་དེ་ འཛམ་གླིང་གནས་ཚད་ནང་ ངོས་ལེན་འབད་དེ་ཡོདཔ་ད་ ཆོས་ཚན་ཤེས་ཡོན་དང་ ལེགས་ཤོམ་སྦེ་མནོ་བསམ་གཏང་ཐངས་ དེ་ལས་ དཀའ་ངལ་སེལ་ཐབས་ཀྱི་ རིག་རྩལ་ཚུ་ལུ་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
རྩ་གཞུང་དེ་ དོན་སྨིན་ཅན་ཅིག་སྦེ་ ལག་ལེན་འཐབ་ནི་ལུ་ སློབ་དཔོན་ཚུ་ ལྷོ་ཨེ་ཤི་ཡ་ ཀེམ་བི་རཇ་གི་ མཁས་མཆོག་ཚུ་ སྦྱོང་བརྡར་ཚུ་ ཐོབ་སྟེ་ཡོདཔ་ད་ ཨ་ལུའི་ཕམ་ཚུ་ལུ་ ཤེས་རིག་གཞི་བཀོད་གསརཔ་གི་སྐོར་ལས་ གོམས་འདྲིས་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
རྩ་གཞུང་དེ་ཡང་ སྟབས་མཐུན་དང་ གདོང་ལེན་ཅན་ཡོད་པའི་ཁར་ སེམས་ཤུགས་ཅན་ཅིག་སྦེ་ བཟོ་ཡོདཔ་མ་ཚད་ འཛམ་གླིང་གི་ གཙུག་ལག་སློབ་སྡེ་དང་ གཙུག་སྡེ་ཚུ་གིས་ཡང་ ངོས་ལེན་འབད་ཡོདཔ་ཨིན་པས།
དཔལ་འཁྱིལ་སློབ་གྲྭའི་དབུ་འཛིན་ རི་ཀེ་རྡོ་རྗེ་གིས་ སླབ་མིའི་ནང་ རྩ་གཞུང་དེ་ དེ་འཕྲོ་ལས་ སློབ་རིམ་ག་རའི་ནང་ ལག་ལེན་མི་འཐབ་ནི་ཨིནམ་ད་ འཕྲོ་མཐུད་ལྷབ་སྦྱང་དང་ ཧེ་མའི་ཤེས་ཡོན་སྒྲིང་སྒྲི་ ངེས་བརྟན་བཟོ་ཐབས་ལུ་ རྩ་གཞུང་དེ་ ལོ་རིམ་སྦེ་ རྒྱ་སྐྱེད་འབད་འོང་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ ཐབས་ལམ་གྱིས་ སློབ་གྲྭའི་ཤེས་ཡོན་གཞི་རྩ་དང་ རིམ་སྒྲིག་ནི་མ་ཚད་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ སློབ་ཕྲུག་ཚུ་ འཛམ་གླིང་ནང་བཅའ་མར་གཏོགས་ནིའི་ གྲ་སྒྲིག་གི་ དམིགས་ཡུལ་འགྲུབ་ནི་ལུ་ རྒྱབ་སྐྱོར་འབད་ཚུགས་ནི་ཨིན་པས།
རྩ་གཞུང་དེ་ ཧྲིལ་བུམ་སྦེ་ ལག་ལེན་མ་འཐབ་པའི་ཧེ་མར་ སློབ་ཕྲུག་ཚུ་ལས་ བསམ་ལེན་ཚུ་ ལེན་པའི་ཤུལ་ལས་རྐྱངམ་གཅིག་ ལག་ལེན་འཐབ་ཅི་ཟེར་ དབུ་འཛིན་གྱིས་ བཤདཔ་ཨིན་པས།
སློབ་དཔོན་ཚུ་ཡང་ གནས་བྱཱར་གྱི་ ངལ་གསོའི་སྐབས་ ཁོང་རའི་ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ སྦྱོང་བརྡར་བརྩིས་ཏེ་ ཁྱད་རིག་གོང་འཕེལ་གྱི་ སྦྱོང་བརྡར་ཚུ་ མངམ་སྦེ་བྱིན་ནི་ལུ་ གྲ་སྒྲིག་སོང་སྟེ་ ཡོདཔ་ཨིན་པས།
སློབ་དཔོན་སྦེ་ ལོ་༣༠ དེ་ཅིག་ ཕྱག་ཞུ་མི་ བཱལ་ ཀི་རིཤ་ན་ བིས་ཏ་གིས་ སླབ་མིའི་ནང་ ཀེམ་བི་རིཇི་རྩ་གཞུང་དེ་ སློབ་སྟོན་ཐབས་ལམ་གྱི་ བསྒྱུར་བ་བཟུམ་ཅིག་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ལུ་ ཨ་ལུའི་གཅེས་སྐྱོང་ལྟེ་བའི་ ལྷབ་སྦྱང་ལུ་ གཙོ་རིམ་བཟུང་ཡོད་རུང་ སློབ་ཁང་ནང་ སློབ་ཕྲུག་གི་གྱངས་ཁ་མངམ་ཡོདཔ་ལས་ ཐབས་ལམ་དེ་ ཧྲིལ་བུ་སྦེ་ ལག་ལེན་འཐབ་ མི་ཚུགས་ཟེར་ཨིན་པས།
ཀེམ་བི་རིཇི་གཞི་བཀོད་ཐད་ལུ་ ཁོ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ལུ་ ནང་དོན་རང་དབང་བལྟ་ནི་དང་ སློབ་དཔོན་ཚུ་འབད་བ་ཅིན་ སློབ་ཁང་གི་ དབང་ཚད་ག་ར་ལེན་ནི་མེན་པར་ ལྷན་ཐབས་མཐུན་རྐྱེན་ཅིག་སྦེ་ སྡོ་ནི་ལུ་ སེམས་ཤུགས་བྱིན་དགོཔ་ཨིན་པས།
སློབ་གྲྭའི་རྩིས་ཀྱི་སློབ་དཔོན་ དིའུ་ཀུ་མ་རི་ ཐ་པ་གིས་ སླབ་མིའི་ནང་ ཀེམ་བི་རཇ་རྩ་གཞུང་ སློབ་སྟོན་འབད་ནི་དེ་ དམིགས་བསལ་དུ་ ངལ་རངས་པའི་གཞི་ཅིག་ཨིནམ་ད་ དེ་ཡང་ སློབ་དཔོན་ཚུ་གིས་ བཅའ་མར་གཏོགས་ནི་དང་ འབྲེལ་བ་འཐབ་ནི་ མངམ་ཐོབ་པས་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།