༉ སྤྱིར་བཏང་སྨྱོ་རྫས་ཀེ་ཧང་དེ་ གནོད་ཅན་ཅིག་སྦེ་ ངོས་ལེན་འབད་དོ་ཡོད་རུང་ མཁས་མཆོག་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱིས་ དཔལ་འབྱོར་གོང་འཕེལ་གཏང་ནི་གི་ གོ་སྐབས་དོནལུ་ ཀེ་ཧང་ཚད་འཛིན་དེ་ ག་དེ་སྦེ་ ཚད་མཉམ་འབད་ནི་ལུ་ དུས་ཚོད་རན་ནུག་ཟེར་ཨིན་པས།
གནད་དོན་དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྤ་རོ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འབྱོར་དང་ཁྲིམས་དོན་གྱི་ རྒྱལ་སྤྱི་གྲོས་འཛོམས་ འཚོགས་པའི་སྐབས་ གསུང་གྲོས་གནང་ཡོདཔ་ཨིན་པས།
བཱོསི་ཊོན་གཙུག་ལག་སློབ་གྲྭའི་མཁས་དབང་ ཇེ་ ཝིསི་ལར་དང་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེའི་ མཁས་དབང་ཞིབ་རོགསཔ་ བསོད་ནམས་ཚེ་རིང་༢ ཀྱིས་ འབྲུག་གི་ སྨྱོ་རྫས་ཀེ་ཧང་སྲིད་བྱུས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འབྱོར་ཐོག་ལས་ ཀེ་ཧང་དབྱེ་ཞིབ་སྒྲིག་གཞི་ཟེར་བའི་ དོན་ཚན་ཐོག་ལུ་ ཞིབ་འཚོལ་འགོ་འདྲེན་འཐབ་མི་དང་འཁྲིལ་བ་ཅིན་ ཀེ་ན་བིས་དེ་ ཁྲིམས་འགལ་ལས་ བཏོན་གཏང་པ་ཅིན་ ཀེ་ན་བིས་བཟོ་གྲྭ་ཁང་ཐོག་ལས་ ལཱ་གཡོག་གི་ གོ་སྐབས་བཟོ་ཚུགས་ནི་མ་ཚད་ ཁྲལ་ལུ་བརྟེན་ འོང་འབབ་ཡང བཟོ་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བཀག་དམ་ཚད་འཛིན་དང་ གོ་སྐབས་ཀྱིས་མ་དོ་བར་ ཞིབ་འཚོལ་ནང་ ཀེ་ཧང་སྲིད་བྱུས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བརྩི་མཐོང་དང་ རིམ་སྒྲིབ་དགོ་པའི་སྐོར་ལས་ གོ་བ་བརྡ་སྤྲོད་དང་ ཀེ་ན་བིས་དང་འབྲེལ་བའི་ གསོ་བའི་ཞིབ་འཚོལ་ དེ་ལས་ ཚོང་འབྲེལ་གྱི་ གོ་སྐབས་ཚུ་ཡང་ བལྟ་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཞིབ་འཚོལ་ནང་ ཀེ་ན་བིས་དེ་ ཁྲིམས་འགལ་མེདཔ་བཟོ་ད་པ་ཅིན་ དེ་གིས་ རྒྱལ་ཁབ་ནང་ སྨྱོ་རྫས་དང་འབྲེལ་བའི་ ཁྲིམས་འགལ་གྱི་དྲང་བདེན་གྱི་ ཟད་འགྲོ་ཡང་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།
ཞིབ་འཚོལ་སྙན་ཞུ་ནང་ བཀོད་མིའི་ནང་ འབྲུག་གིས་ སྣང་མེད་བཞག་མི་ ཀེ་ན་བིས་མཐུན་རྐྱེན་ལུ་ འོས་འབབ་གྱི་ འོས་འབབ་སྦོམ་ཡོདཔ་ད་ ད་རེས་ མི་ཚུ་ ཤི་རྐྱེན་བྱུང་མི་ བྱུང་རྐྱེན་གཙོ་བོ་ར་ ཆང་ལུ་བརྟེན་མ་གཏོགས་ ཀེ་ཧང་ལུ་བརྟེན་ མེན་པས་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ ལུ་ སྨྱོ་རྫས་ནག་ཚོང་ སྙན་ཞུ་༣༥༤ ཐོ་བཀོད་འབད་མི་ལས་༣༢ ཀེ་ན་བིས་ཀྱི་ གནད་དོན་ཨིནམ་ད་ སྤྱི་ལོ་༢༠༢༢ ལུ་ སྨྱོ་རྫས་ཀྱི་གནད་དོན་༡༥༠ སྙན་ཞུ་འབད་མི་ལས་༣༦ ༡༥༠ ཀེ་ཧང་དང་འབྲེལ་བའི་ གནད་དོན་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་འབད་བ་ཅིན་ གནད་དོན་༧༥ ལས་༢༡ དེ་ ཀེ་ན་བིས་ཀྱི་ སྙན་ཞུ་ཡོདཔ་ཨིན་པས།
འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་༢༠༡༥ ཅན་མ་དང་འཁྲིལ་བ་ཅིན་ འབྲུག་ལུ་ ཀེ་ཧང་ཚད་འཛིན་འབད་དགོཔ་སྦེ་ བཀོད་དེ་ཡོདཔ་བཞིན་དུ་ སྨྱོ་རྫས་དེ་ སྨྱོ་རྫས་ཀྱི་ཟུར་དེབ་༡ པའི་ནང་ ཚུད་དེ་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྨྱོ་རྫས་དེ་ བཟོད་བསྲན་ཅིག་མེདཔ་སྦེ་ ངོས་ལེན་འབད་དོ་ཡོདཔ་བཞིན་དུ་ ་ ཉེས་བྱ་ཚུ་ཡང་ སྨྱོ་རྫས་ནག་ཚོང་མང་ཉུང་དང་འཁྲིལ་ཏེ་ བཀལ་དོ་ཡོད་རུང་ ཞིབ་འཚོལ་དང་ བར་ཁུ་བཏོན་ དེ་ལས་ སེམས་ཅན་ལུ་བྱིན་ནིའི་ལུ་མ་གཏོགས་ ཉེས་བྱ་ཚུ་ ཡངས་ཆག་མེདཔ་ཨིན་པས།
ད་ལྟོའི་ ཀེ་ཧང་གི་བཅའ་ཡིག་དང་འཁྲིལ་བ་ཅིན་ སྨྱོ་རྫས་ཀེ་ན་བིསི་ག་རམ་༥༠ དང་ ཧ་ཤིསི་ག་རམ་༧ ཧ་ཤིསི་མར་ཁུ་ མི་ལི་ཊར་༣ དེ་ལས་ ཀེ་ན་བིས་ཤིང་༥ འཕྱོག་བཟུང་འབད་བ་ཅིན་ ནག་ཚོང་གི་ གྲངས་སུ་ཚུད་དོ་ཡོདཔ་ཨིན་པས།
སྨྱོ་རྫས་ཚུ་ ཚད་གཞི་དེ་ཚུ་གི་འོག་རྒྱུ་དེ་ ཉེས་པ་ཡངས་ཕྲ་ མིན་དགོ་དོ་ཡོདཔ་ཨིན་པས།
ཀེ་ན་བིས་ཀྱིས་ ཡུན་འགྱངས་ན་མི་དང་ ཞེ་ལོག་ དེ་ལས་ རྩ་ནད་ལ་སོགས་པ་ལུ་བརྟེན་ ན་མི་ཚུ་ ཞི་ནི་ལུ་ ཁེ་ཕན་བྱུང་དོ་ཡོདཔ་མ་ཚད་ ཆང་དང་ ཨ་བིཌསི་ དེ་ལས་ སྨྱོ་རྫས་གཞན་ཚུ་དང་ བརྟེན་སྡོད་མི་ལས་ མར་ཕབ་འབད་ཚུགས་དོ་ཡོདཔ་ཨིན་པས།
ཨིན་རུང་ སེམས་ཁམས་ཀྱི་གནད་དོན་དང་ ཉམས་ཆག་ དེ་ལས་ སྨྱོ་རྫས་ནང་ ལང་ཤོར་འགྱོ་ནི་ ཉེན་ཁ་ཚུ་ཡང་ ཡོདཔ་ཨིན་པས།
འཛམ་གླིང་ནང་ ཀེ་ན་བིས་ཚུ་ གསོ་བ་དང་ ངོ་རྐྱང་གི་དོན་ལུ་ ལག་ལེན་འཐབ་སྟེ་ ལོ་སྟོང་ཕྲག་ལས་བཅད་དེ་ སོང་སྟེ་ཡོདཔ་ད་ ཨིན་རུང་ རྒྱལ་ཁབ་མང་ཤོས་ཅིག་གིས་ སྤྱི་ལོ་༡༩༩༠ གྲངས་ལས་ ཁྲིམས་འགལ་ཅིག་སྦེ་ ངོས་ལེན་འབད་དེ་ ཡོདཔ་ཨིན་པས།
སྨྱོ་རྫས་ཀེ་ན་བིས་དེ་ ཁྲིམས་མེནམ་སྦེ་ བཟོ་ནི་ལུ་ སྤྱི་ལོ་༡༩༧༠ ལས་ རྩ་འགེངས་ཡོད་པའི་ཁར་ སྤྱི་ལོ་༢༠༠༠ ལུ་ཡང་ འབད་ནི་དཔའ་བཅམ་ཡོདཔ་ད་ རྒྱལ་ཁབ་མང་ཤོས་ཅིག་གིས་ ཀེ་ཧང་ལག་ལེན་འཐབ་མི་གི་ ཉེས་བྱ་ཚུ་ མེདཔ་བཟོ་སྟེ་ ཞིབ་བའི་ཉེས་བྱ་རྐྱངམ་གཅིག་ལུ་ ཉེས་བྱ་བཀལ་ཡོདཔ་ཨིན་པས།
ད་རེས་ ཀེ་ཧང་དེ་ ཡུ་རོ་པི་ཡཱན་རྒྱལ་ཁབ་༢༠ དང་ རྒྱལ་ཁབ་གཞན་མང་ཤོས་ཅིག་ལུ་ ཁྲིམས་མཐུན་བཟོ་ཡོདཔ་ཨིན་པས།
ད་རེས་ སྒེར་སྡེ་ཅིག་ཨིན་མི་ འབྲུག་ནུ་ཊ་སི་ཊི་ཀཱལ་གི་བདག་དབང་ཐོག་ལུ་ བསམ་རྩེ་ ནོར་བུ་སྒང་དང་ ཨོ་རྒྱན་རྩེ་རྒེད་འོག་གི་བར་ན་ ས་ཆ་ཨེ་ཀར་༤ ནང་ སྨྱོ་རྫས་ཀེ་ཧང་འཛུགས་སྐྱོང་ འཐབ་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།
ལས་འགུལ་དེ་ཡང་ ལྷན་རྒྱས་གཞུང་ཚོགས་ལས་ ཞིབ་འཚོལ་འགོ་འདྲེན་དང་ ཀེ་ན་བིས་ཐོན་སྐྱེད་འབད་ནིའི་དོན་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཨིན་རུང་ མི་སེར་ཚུ་གིས་ ཀེ་ཧང་ཚོང་འབྲེལ་གྱི་ གོ་སྐབས་དེ་ མི་ངོམ་དག་པ་ཅིག་རྐྱངམ་གཅིག་ ག་ཅི་ལུ་བརྟེན་ བྱིནམ་ཨིན་ན་ཟེར་ དྲི་བ་བཀོད་དོ་ཡོདཔ་བཞིན་དུ་ གྲོང་གསེབ་ཀྱི་ མི་སེར་ཚུ་ལུ་ཡང་ དཔལ་འབྱོར་གྱི་ གོ་སྐབས་དེ་ བྱིན་དགོ་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།