༉ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༡ ནང་འཁོད་ལུ་ འབྲུག་གོང་འཕེལ་དངུངལ་ཁང་གིས་ དཔལ་འབྱོར་ལྷན་ཐབས་མ་དངུལ་གྱི་ ལས་རིམ་འོག་ལས་ ཕབ་ཆག་ཅན་གྱི་ སྐྱིན་འགྲུལ་དོན་ལུ་ ཡི་གུ་བཙུགས་མི་༥༤༦ ལུ་ དངུལ་ཀྲམ་ས་ཡ་༢༦༨.༩༣ འཛིན་གྲོལ་འབད་ཡོདཔ་ཨིན་པས།
དེ་ཡང་ ཕབ་ཆག་ཅན་གྱི་ ལས་རིམ་དང་པའི་ནང་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༣.༣ བགོ་བཀྲམ་འབད་མི་ལས་ བརྒྱ་ཆ་༨.༢ ཀྱི་རྩིས་ཨིན་པས།
སྐྱིན་འགྲུལ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༢.༡༣ གནས་པའི་ ཡི་གུ་༤,༡༢༣ ལྷོད་རུང་ འབྲུག་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༢༩༩.༨༥ གནས་པའི་ ཡི་གུ་༥༩༧ རྐྱངམ་གཅིག་ ཆ་འཇོག་འབད་ཡོདཔ་ཨིན་པས།
དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༢༨༧.༩༩ གི་ སྐྱིན་འགྲུལ་ཡི་གུ་༢༢༡ ཆ་མེད་བཏང་ཡོདཔ་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༡༡.༨༣ གྱི་ ལྷག་ལུས་ཡི་གུ་༣,༥༢༦ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
གཞི་རྟེན་དང་ ཚོང་འབྲེལ་གྱི་གནས་སྟངས་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ ཡོད་ཟེར་ཨིན་པས།
གོ་རིམ་༢ པ་ ཁ་སྐོང་ལས་སྡེ་དང་ གཙོ་རིམ་ཅན་གྱི་ས་གོ་ནང་ཚུད་མི་ ལས་རིམ་ཚུ་ཡང་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནིའི་ ལས་རིམ་ཡོདཔ་ཨིན་པས།
སྐྱེད་ཉུང་སྐྱིན་འགྲུལ་དང་ ཚོང་འབྲེལ་བ་ཚུ་ལུ་ རྒྱབ་སྐྱོར་གྱི་འོག་ལུ་ མ་དངུལ་འཐོབ་ནིའི་ ལམ་ལུགས་༢ ཡོདཔ་ཨིན་པས།
བློན་པོ་གིས་ སླབ་མིའི་ནང་ སྐྱེད་ཕབ་ཆག་གི་ སྐྱིན་འགྲུལ་ཚུ་ཡང་ སོ་ནམ་དང་སྒོ་ནོར་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ དེ་ལས་ ཐོན་སྐྱེད་དང་ བཟོ་སྐྲུན་གྱི་ བཟོ་གྲྭ་ཁང་བར་མ་ཚུ་གི་དོན་ལུ་ ཨིན་ཟེར་ཨིན་པས།
དཔལ་འབྱོར་ལྷན་ཐབས་མ་དངུལ་དེ་ གོ་རིམ་༢ སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ གོ་རིམ་དང་པའི་ནང་ གཏའ་མ་བཙུགས་མ་དགོ་པར་ སྐྱེད་བརྒྱ་ཆ་༤ སྦེ་ སྐྱིན་འགྲུལ་བྱིན་དོ་ཡོདཔ་ད་ གོ་རིམ་༢ པའི་ནང་ ཀོ་བིཌ་-༡༩ ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་ཕོག་མི་དང་ ཚོང་འབྲེལ་གསརཔ་ཚུ་ལུ་ སྐྱེད་ཕབ་ཆག་ བརྒྱ་ཆ་༤ ཐོག་ལུ་ སྐྱིན་འགྲུལ་བྱིན་དོ་ཡོདཔ་ཨིན་པས།
གོ་རིམ་དང་པའི་ནང་ དངུལ་ཀྲམ་ཐེར་འབུམ་༣.༣ དང་ གོ་རིམ་༢ པའི་ནང་ དངུལ་ཀྲམ་ཐེར་འབུམ་༢ བགོ་བཀྲམ་འབད་ཡོདཔ་ད་ ཕབ་ཆག་ཅན་གྱི་སྐྱིན་འགྲུལ་དེ་ འབྲུག་གོང་འཕེལ་དངུལ་ཁང་རྐྱངམ་གཅིག་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ལས་སྡེ་ཚུ་གི་གྲས་ལས་ སོ་ནམ་དང་སྒོ་ནོར་ལས་སྡེ་ལས་ སྐྱིན་འགྲུལ་གྱི་དོན་ལུ་ དངུམ་ཀྲམ་ཐེར་འབུམ་༢.༩༢ གནས་པའི་ ཡི་གུ་༣,༤༣༥ ལྷོད་མི་དེ་ མཐོ་ཤོས་ཅིག་ཨིནམ་བཞིན་དུ་ དངུམ་ཀྲམ་ས་ཡ་༢༢༧.༧༧ གྱི་ ཡི་གུ་༥༠༩ ཆ་འཇོག་འབད་ནུག།
སྐྱིན་འགྲུལ་གྱི་ ཡི་གུ་༤༦༧ གི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠༨.༠༥ འཛིན་གྲོལ་འབད་ཡོདཔ་ད་ སོ་ནམ་ལས་སྡེ་ནང་ དངུལ་ཀྲམ་ས་ཡ་༡༣༤.༨༨ གནས་པའི་ ཡི་གུ་༢༠༨ ཆ་མེད་བཏང་ཡོདཔ་ཨིན་པས།
དངུལ་ཀྲམ་ས་ཡ་༢.༦༩ གནས་པའི་ ལྷག་ལུས་ཡི་གུ་༢,༩༢༦ ཚུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
སོ་ནམ་ལས་སྡེ་ནང་(སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༡ ཚུན་) གཞུང་གིས་ དངུལ་ཀྲམ་ས་ཡ་༥༠༠ བགོ་བཀྲམ་འབད་དེ་ ཡོདཔ་ཨིན་པས།
ཞབས་ཏོག་དང་ བཟོ་སྐྲུན་དང་ཅ་ཆས་བཟོ་ནི་མ་གཏོགས་ ཐོན་སྐྱེད་དང་བཟོ་གྲྭ་ལས་སྡེ་ནང་ དངུལ་ཁང་ལུ་ ཕབ་ཆག་ཅན་གྱི་ སྐྱིན་འགྲུལ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༩.༢༡ གནས་པའི་ ཡི་གུ་༦༨༨ ལྷོད་མི་ལས་ དངུལ་ཀྲམ་ས་ཡ་༧༢.༠༨ གནས་པའི་ ཡི་གུ་༨༨ ཆ་འཇོག་འབད་ནུག།
འབྲུག་གོང་འཕེལ་དངུལ་ཁང་གིས་ ཞུ་ཡིག་༧༧ ལུ་ དངུལ་ཀྲམ་ས་ཡ་༦༠.༨༨ འཛིན་གྲོལ་འབད་ཡོདཔ་ད་ དངུལ་ཀྲམ་ཐེར་འབུམ་༩.༡༤ གནས་པའི་ ཞུ་ཡིག་༦༠༠ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
ལས་སྡེ་དེ་ནང་ དཔལ་འབྱོར་ལྷན་ཐབས་མ་དངུལ་ལས་ དངུལ་ཀྲམ་ཐེར་འབུམ་༢.༨ བགོ་བཀྲམ་འབད་ནུག།
ཐོན་སྐྱེད་དང་བཟོ་གྲྭ་ལས་སྡེའི་(དངུལ་ཀྲམ་ས་ཡ་༡༠ ཚུན)འོག་ལུ་ ད་ལྟོ་ཡོད་པའི་ཚོང་འབྲེལ་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༦༨.༥༨ གནས་པའི་ ཞུ་ཡིག་༨༩ དང་ དངུལ་ཀྲམ་ས་ཡ་༣༣༣.༣༢ གནས་པའི་ གློག་བརྙན་ཐོན་སྐྱེད་ཀྱི་དོན་ལུ་ ཞུ་ཡིག་༤༧ ལྷོད་ཡོདཔ་ཨིན་པས།
ད་རེས་ ཞུ་ཡིག་ཚུ་ཡང་ དངུལ་ཁང་གིས་ བསྐྱར་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་མ་དངུལ་གྱིས་ ད་ལྟོ་ཡོད་པའི་ ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ དངུལ་ཀྲམ་ས་ཡ་༣༠༠ དང་ གློག་བརྙན་ཐོན་སྐྱེད་འབད་ནི་ལུ་ དངུལ་ཀྲམ་ས་ཡ་༢༠༠ བགོ་བཀྲམ་འབད་དེ་ ཡོདཔ་ཨིན་པས།
ཐོན་སྐྱེད་དང་བཟོ་གྲྭ་ལས་(དངུལ་ཀྲམ་ས་ཡ་༡༠ ལས་༡༠༠ ཚུན་) འོག་ལུ་ དངུལ་ཁང་ནང་ དངུལ་ཀྲམ་ཐེར་འབུམ་༧.༦༦ གནས་པའི་ ཞུ་ཡིག་༡༢༦ ལྷོད་ཡོདཔ་ཨིན་པས།
དེ་ཚུ་གི་གྲས་ལས་ དངུལ་ཀྲམ་ས་ཡ་༡༣༠.༢༨ གནས་པའི་ ཞུ་ཡིག་༥ ཆ་མེད་བཏང་ཡོདཔ་ད་ ཞུ་ཡིག་གཞན་ཚུ་ ད་རེས་ བསྐྱར་ཞིབ་འབད་བའི་བསྒང་ ཡོདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༡༥ དེ་ སྤྱི་ཟླ་༢༠༢༣ ཟླ་༥ པའི་ནང་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ ཀོ་བིཌ་-༡༩ ལུ་ བརྟེན་ ཐོ་ཕོག་མི་ ཚོང་འབྲེལ་པ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ དཔལ་འབྱོར་ལོག་ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ གཞུང་འབྲེལ་ཐོག་ལས་ ན་ཧིང་སྤྱི་ཟླ་༩ པའི་ནང་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement