༉ དཔལ་འབྱོར་ལྷན་ཐབས་ལས་རིམ་ལས་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ ཞུ་ཡིག་བཙུགས་ནིའི་ ཚེས་གྲངས་མཇུག་དེ་ དུས་ཅི་ སྤྱི་ཟླ་༡༢ པ་ཚུན་ཨིན་མི་དང་འབྲེལ་ གཞུང་གིས་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་དང་ གྲོས་བསྟུན་ཐོག་ལས་ སྐྱིན་འགྲུལ་གྱི་ དུས་ཡུན་ཡར་སེང་འབད་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ རྒྱལ་ཡོངས་ཚོགས་སྡེའི་ དྲི་བཀོད་ལས་རིམ་སྐབས་ བཀྲིས་སྒང་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་སྐོར་ལས་ དྲི་དཔྱད་འབད་བའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ ལན་གསལ་སྦེ་ཞུ་ཡི།
འཐུས་མི་བསོད་ནམས་སྟོབས་རྒྱས་ཀྱིས་ བློན་ཆེན་ལུ་ དཔལ་འབྱོར་ལྷན་ཐབས་ལས་རིམ་དང་ སྐྱིན་འགྲུལ་འཛིན་གྲོལ་གདོང་ལེན་ ཞུ་ཡིག་བཙུགས་ནིའི་ ཚེས་གྲངས་ཡར་སེང་འབད་ནི་གི་འོས་འབབ་ དེ་ལས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ ཉེན་ཁ་དང་ ཡུན་བརྟན་ལས་རིམ་སྐོར་ལས་ དུས་མཐུན་སྙན་ཞུ་ གནང་དགོ་པའི་ དྲི་བ་ཞུ་ཡི།
བློན་ཆེན་གྱིས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་དོན་ལུ་ རྒྱ་གར་གཞུང་ལས་ དངུལ་ཀྲམ་ཐེར་འབུམ་༡༥ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གཏང་ནི་ལུ་ ལས་སྣ་གཙོ་ཅན་ཅིག་ཨིནམ་ད་ དཔལ་འབྱོར་ལོག་ མགྱོགས་དྲགས་སྦེ་གཏང་ནི་ལུ་ སྐྱིན་འགྲུལ་དེ་ གང་མགྱོགས་སྦེ་ འཛིན་གྲོལ་འབད་དགོཔ་ གལ་ཅན་ཨིན་ཟེར་ཨིན་པས།
སྐྱིན་འགྲུལ་ལེགས་ཤོམ་སྦེ་ འཛིན་གྲོལ་འབད་ནི་ ངེས་བརྟན་བཟོ་ཐབས་ལུ་ བློན་ཆེན་གྱིས་ ཞུ་མིའི་ནང་ གཞུང་གིས་ གཞུང་དང་ དངུལ་འབྲེལ་གཙུག་སྡེའི་ འགོ་དཔོན་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ ལམ་སྟོན་ཚུ་ བསྐྱར་ཞིབ་འབད་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་ སྐྱེད་ཉུང་བའི་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༣.༣ འབྲུག་གོང་འཕེལ་དངུལ་ཁང་གིས་ ལག་ལེན་འཐབ་ནི་དང་ དངུལ་ཀྲམ་ཐེར་འབུམ་༢ དངུལ་འབྲེལ་གཙུག་སྡེ་གཞན་ཚུ་གིས་ འཛིན་སྐྱོང་འཐབ་འོང་ཟེར་ཨིན་པས།
དཔལ་འབྱོར་ལྷན་ཐབས་ལས་རིམ་དེ་ ལམ་རིམ་གཙོ་ཅན་༢ ཐོག་ལས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ ལས་རིམ་དང་པའི་འོག་ལུ་ གཏའ་མ་མེད་པར་ སྐྱེད་བརྒྱ་ཆ་༤ ཐོག་ལུ་ སྐྱིན་འགྲུལ་བྱིན་དོ་ཡོདཔ་ད་ ལས་རིམ་༢ པ་གིས་ ནད་ཡམས་ལུ་བརྟེན་ འབྱེམ་ཕོག་མི་ ཚོང་འབྲེལ་པ་ཚུ་ལུ་ ཧེ་མ་ལས་ སྐྱིན་འགྲུལ་ཡོད་མི་དང་ གསརཔ་ཚུ་ལུ་ སྐྱེད་བརྒྱ་ཆ་༤ མར་ཕབ་ཀྱི་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
ལས་རིམ་གཙོ་ཅན་ དང་པའི་ནང་ དངུལ་ཀྲམ་ཐེར་འབུམ་༣.༣ དང་ ལས་རིམ་༢ པའི་ནང་ དངུལ་ཀྲམ་ཐེར་འབུམ་༢ བགོ་བཀྲམ་འབད་ཡོདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་ལས་རིམ་འོག་ལུ་ འབྲུག་གོང་འཕེལ་དངུལ་ཁང་བརྩིས་ཏེ་ དངུལ་འབྲེལ་གཙུག་སྡེ་༧ གྱིས་ གྲལ་གཏོགས་འབད་དེ་ཡོདཔ་ད་ སྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་མི་༡,༤༧༣ ལྷོད་དེ་ཡོདཔ་ད་ དེ་ནང་ སྐྱིན་འགྲུལ་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༣.༦ གནས་ནི་ཨིན་པས།
སྐྱིན་འགྲུལ་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༣༩༨ གནས་པའི་ ཞུ་ཡིག་བཙུགས་མི་༢༦༢ ཆ་འཇོག་འབད་ཡོདཔ་བཞིན་དུ་ མ་དངུལ་ཡང་ གཞུང་གིས་ འབྲུག་གོང་འཕེལ་དངུལ་ཁང་ལུ་ འཛིན་གྲོལ་འབད་ཡོདཔ་ཨིན་པས།
ནད་ཡམས་ལུ་བརྟེན་ འབྱེམ་ཕོག་མི་ ཚོང་འབྲེལ་པ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་ མ་དངུལ་འོག་ལུ་ སྔོན་བྱིན་སྦེ་ དངུལ་ཀྲམ་ཐེར་འབུམ་༧༠ དེ་ དངུལ་ཁང་ཚུ་ལུ་ འཛིན་གྲོལ་འབད་ཡོདཔ་ཨིན་པས།
ཞུ་ཡིག་༡,༤༧༣ ལས་ འབྲུག་གི་གོང་འཕེལ་ཁང་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༡.༢༧ གནས་པའི་ ཞུ་ཡིག་༡,༢༦༥ ལྷོད་ཡོདཔ་བཞིན་དུ་ དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༢༠༠ གནས་པའི་ ཞུ་ཡིག་༢༤༢ ཆ་འཇོག་འབད་ནུག་ཟེར་ བློན་ཆེན་གྱིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ དངུལ་ཁང་གཞན་ཚུ་གིས་ ཞུ་ཡིག་ཆ་འཇོག་འབད་མི་ཚུ་ འབྲུག་གོང་འཕེལ་དངུལ་ཁང་ལུ་ གཏང་འོང་ཟེར་ཨིན་པས།
སྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་མི་གྱངས་ཁ་དེ་ ལེ་ཤ་ཡོདཔ་ལས་ གཞུང་གིས་ འབྲུག་གོང་འཕེལ་དངུལ་ཁང་དང་ གྲོས་བསྟུན་འབད་དེ་ ཁ་སྐོང་ཞུ་ཡིག་བཙུགས་ནིའི་དོན་ལུ་ དུས་ཡུན་ཕར་འགྱངས་འབད་ནི་ལུ་ འོས་འབབ་ཚུ་ བལྟ་འོང་ཟེར་ཨིན་པས།
ད་རེས་ ཞུ་ཡིག་༡,༠༠༠ དེ་ཅིག་ ཆ་འཇོག་འབད་ནི་ལུ་ བསྒུགས་ཏེ་ཡོདཔ་ཨིན་པས།
འབྲུག་གོང་འཕེལ་དངུལ་ཁང་འོག་གི་ དཔལ་འབྱོར་ལྷན་ཐབས་ལས་རིམ་གྱི་ སྐྱིན་འགྲུལ་ལྷན་ཐབས་འབད་ནི་ལུ་ གཞུང་གིས་ ཡོངས་ཁྱབ་འཛིན་པ་ཅིག་ འགོ་འཛིན་འབད་དེ་ ཞིབ་འཚོལ་འགོ་དཔོན་༡༢ དེ་ལས་ རྫོང་ཁག་འགོ་འདྲེན་པ་༣༥ བརྩིས་ཏེ་ ལས་བྱེདཔ་༥༠ ཐོག་ལས་ ཆེད་དུ་བཀོད་པའི་ ཡིག་ཚང་ཅིག་ གཞི་བཙུགས་འབད་ནི་ ལས་རིམ་ཡོདཔ་ད་ ལས་བྱེདཔ་ཚུ་ལུ་ ཟླ་རིམ་གྱི་ དངུལ་ཕོགས་ཚུ་ཡང་ གཞུང་གིས་ བྱིན་ནི་ཨིན་པས།
ཧེ་མ་ སྐྱིན་འགྲུལ་ཆ་འཇོག་འབད་བའི་ཤུལ་ལས་ རང་སོའི་དངུལ་ཁང་ཚུ་ལུ་ མ་དངུལ་ལོག་སྤྲོད་ནིའི་ ལམ་ལུགས་བཟུམ་སྦེ་མེན་པར་ འབྲུག་གོང་འཕེལ་དངུལ་ཁང་གིས་ ཧེ་མ་ལས་ དངུལ་ཀྲམ་ཐེར་འབུམ་༣.༣ ཐོབ་ནི་ཨིན་པས།
བློན་ཆེན་གྱིས་ སྐྱིན་ཚབ་བཏབ་ མ་ཚུགས་པར་ལུས་མི་ལུ་ ཚ་གྱང་ཡོད་ལུགས་ཚུ་ བཤད་ཡོདཔ་ད་ གལ་སྲིད་ ཞུ་ཡིག་བཙུགས་མི་ཚུ་གི་ ལྕོགས་གྲུབ་དང་འཁྲིལ་ཏེ་ བསྐྱར་ཞིབ་དང་ ལྟ་རྟོག་འབད་ནི་ ལམ་ལུགས་སྒྲིང་སྒྲིག་བཟོ་སྟེ་ཡོད་པ་ཅིན་ སྐྱིན་ཚབ་བཏབ་མ་ཚུགས་པའི་ གནད་དོན་དེ་ རེ་གཉིས་ལས་ མི་ཐོན་ཟེར་ཞུ་ཡི།
སྤྱི་ལོ་༢༠༢༣ ལུ་ འབྲུག་གོང་འཕེལ་དངུལ་ཁང་གིས་ དུས་ཚོད་ཁར་ སྐྱིན་ཚབ་བཏབ་མ་ཚུགས་པའི་ ཆ་ཚད་དེ་ བརྒྱ་ཆ་༢༠ ལས་༡༤ ལུ་ མར་ཕབ་འབད་ཚུགས་ཡོདཔ་ཨིན་པས།
གལ་སྲིད་ ཐབས་ལམ་དེ་ཚུ་བཏོན་རུང་ སྐྱིན་ཚབ་བཏབ་མ་ཚུགས་པའི་ གནད་དོན་རེ་བྱུང་པ་ཅིན་ འབྲུག་གོང་འཕེལ་དངུལ་ཁང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཉེན་ཁ་དེ་ཚུ་ སེལ་ཐབས་ལུ་ ལཱ་ཚུ་འབད་དགོ་ཟེར་ བློན་ཆེན་གྱིས་ ཞུ་ཡི།
དངུལ་ཁང་ཚུ་གིས་ སྤྱིར་བཏང་སྐྱིན་འགྲུལ་ དངུལ་ཀྲམ་ཐེར་འབུམ་༢༠ བྱིན་ནིའི་དོན་ལུ་ གཞུང་གིས་ དངུལ་ཀྲམ་ཐེར་འབུམ་༥ གི་ ཡན་ལག་སྐྱིན་འགྲུལ་ལུ་ དབང་འཛིན་གྱི་ཆ་འཇོག་ལུ་ བསྒུགས་ཡོདཔ་ཨིན་པས།
འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ གིས་ གནོད་སྐྱོན་རྐྱབ་མི་ ཚོང་པ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ལུ་ དངུལ་ཀྲམ་ཐེར་འབུམ་༡༥ གི་ དཔལ་འབྱོར་ལྷན་ཐབས་ལས་རིམ་དེ་ སྤྱི་ལོ་༢༠༢༣ ཟླ་༥ པའི་ནང་ འགོ་བཙུགས་ཏེ་ ལས་རིམ་དེ་ དུས་ཅི་ སྤྱི་ཟླ་༩ པ་ལས་ གཞུང་འབྲེལ་ཐོག་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།