༉ དངུལ་རྩིས་ལྷན་ཁག་གིས་ རྩིས་ལོ་༢༠༢༤-༢༥ འི་དོན་ལུ་ སྐྱིན་འགྲུལ་ཡར་འཕར་གྱི་ སྔོན་དཔག་དེ་ བརྒྱ་ཆ་༣.༤ མར་ཕབ་འབད་དེ་ དངུལ་ཀྲམ་ཐེར་འབུམ་༡༠.༤༨ བཟོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ དཔལ་འབྱོར་ལྷན་ཐབས་ལས་རིམ་(ཨི་ཨེསི་པི་)གྱི་ སྐྱིན་འགྲུལ་ཚུ་ བགོ་བཀྲམ་འབད་ནི་ལུ་ ཡུན་འགྱངས་ལུས་མི་ལུ་བརྟེན་ཨིན་པས།
ལྷན་ཁག་གི་ ན་ཧིང་སྤྱི་ཟླ་༩ པའི་ དུས་མཐུན་སྙན་ཞུ་ལུ་ གཞི་བཞག་སྟེ་ བསྐྱར་ཞིབ་འབད་མི་དེ་ སྤྱི་ཟླ་༦ པའི་ནང་ སྔོན་དཔག་འབད་མི་དང་ མ་འདྲཝ་སྦེ་ཨིནམ་ད་ དེ་ཡང་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ ལས་སྡེ་ཁག་ཚུ་ནང་ སྐྱིན་འགྲུལ་ཡར་དྲག་གཏང་ནིའི་ རེ་བ་བསྐྱེད་མི་དང་བསྟུན་ཨིན་པས།
ཨིན་རུང་ ཨི་ཨེསི་པི་གི་ སྐྱིན་འགྲུལ་འོག་ལུ་ སྔོན་དཔག་བགོ་བཀྲམ་ཚུ་ འཆར་གཞི་དང་འཁྲིལ་ཏེ་ འབད་མ་ཚུགསཔ་ཨིན་པས།
ལས་སྡེ་ཁག་གི་གྲས་ལས་ བཟོ་སྐྲུན་ཚོང་འབྲེལ་ལུ་ སྐྱིན་འགྲུལ་ཡར་འཕར་སྦོམ་སོང་ཡོདཔ་ད་ དེ་ཡང་ ཧེ་མའི་ལོ་གི་ ཟླཝ་ཅོག་འཐདཔ་ལས་ ན་ཧིང་ སྤྱི་ཟླ་༩ པའི་ནང་ དངུལ་ཀྲམ་ཐེར་འབུམ་༨.༡༦ ལས་ དངུལ་ཀྲམ་ཐེར་འབུམ་༨༠.༢༤ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁྱིམ་བཟོ་ལས་སྡེའི་ནང་ དངུལ་ཀྲམ་ཐེར་འབུམ་༧.༣༣ ལས་ དངུལ་ཀྲམ་ཐེར་འབུམ་༢༠༦.༣ ལུ་ ཡར་སེང་སོང་ཡོདཔ་ད་ ཟ་ཁང་དང་ ལྟ་བཤལ་ལས་སྡེའི་ནང་ དངུལ་ཀྲམ་ཐེར་འབུམ་༣.༩༣ ལས་ དངུལ་ཀྲམ་ཐེར་འབུམ་༨༨.༥༡ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
བཟོ་སྐྲུན་ལས་སྡེའི་ནང་ ཡར་འཕར་སྦོམ་འགྱོ་མི་དེ་ཡང་ བཟོ་སྐྲུན་ལས་སྣ་ཚུ་ རྒྱ་སྐྱེད་འབད་མི་ལུ་བརྟེན་ཨིནམ་ད་ འདས་པའི་ལོའི་ སྤྱི་ཟླ་༧ པའི་ནང་ སྐྱིན་འགྲུལ་གྱི་བཀག་ཆ་ ཡངས་ཆག་བཏང་བའི་ཤུལ་ལས་ ཁྱིམ་བཟོ་ལས་སྡེའི་ནང་ སྐྱིན་འགྲུལ་ཡར་སེང་སོང་ཡོདཔ་ཨིན་པས།
ཟ་ཁང་དང་ ལྟ་བཤལ་ལས་སྡེའི་ནང་ སྐྱིན་འགྲུལ་ཡར་འཕར་འགྱོ་མི་དེ་ཡང་ ལྟ་བཤལ་གྱི་ཚོང་འབྲེལ་དེ་ འགྲོས་ཀྱིས་སྦེ་ ལོག་བསྐྱར་གསོ་འབད་བའི་ རྟགས་མཚན་ཅིག་ཨིན་ཟེར་ ལྷན་ཁག་གིས་ བཤད་ཡོདཔ་ཨིན་པས།
དེ་དང་ཕྱདཔ་ད་ ཁག་འབགཔ་ཚུ་གི་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༣.༧༥ མར་བབས་སོང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ རྩིས་ལོའི་ འགོ་ཐོག་གི་ གོ་རིམ་ལུ་བརྟེན་ཨིནམ་བཞིན་དུ་ རྩིས་ལོ་དེ་ནང་ བཟོ་སྐྲུན་ལས་འགུལ་ཚུ་ རིན་བསྡུར་ནང་ གྲལ་གཏོགས་འབད་ནི་དེ་གིས་ཨིན་པས།
སྐྱེལ་འདྲེན་ལས་སྡེ་ནང་ཡང་ དངུལ་ཀྲམ་ས་ཡ་༧༥༥ མར་བབས་སོང་ཡོདཔ་བཞིན་དུ་ སྣུམ་འཁོར་གྱི་ གོང་ཚད་ཡར་སེང་དང་ སྐྱེད་བཏབ་མ་ཚུགས་མིའི་གྱངས་ཁ་ ཡར་འཕར་འགྱོ་མི་དེ་གིས་ དངུལ་ཁང་ཚུ་ སྐྱིན་འགྲུལ་བྱིན་ནི་ལུ་ སེམས་ཤུགས་ཉམས་ཡོདཔ་ཨིན་པས།
ཧེ་མའི་ལོ་གི་ ཟླཝ་ཅོག་འཐདཔ་ལས་ ན་ཧིང་ སྤྱི་ཟླ་༩ པའི་ནང་ ཤེས་རིག་ལས་སྡེའི་ སྐྱིན་འགྲུལ་དེ་ དངུལ་ཀྲམ་ཐེར་འབུམ་༣༠.༧༨ དང་ སོ་ནམ་ལས་སྡེའི་ སྐྱིན་འགྲུལ་དེ་ དངུལ་ཀྲམ་ཐེར་འབུམ་༡༥.༡༡ ལུ་ མར་བབས་སོང་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་༣ པའི་ གཙུག་ལག་སློབ་སྡེ་ཚུ་ནང་ འཛུལ་ཞུགས་འབད་མིའི་གྱངས་ཁ་ མར་བབས་སོང་མི་ལུ་བརྟེན་ཨིནམ་ད་ ཨི་ཨེསི་པི་སྐྱིན་འགྲུལ་ཚུ་ བགོ་བཀྲམ་འབད་ནི་ལུ་ ཡུན་འགྱངས་ལུས་མི་ལུ་བརྟེན་ སོ་ནམ་ལས་སྡེའི་དོན་ལུ་ སྐྱིན་འགྲུལ་མར་བབས་སོང་ཡོདཔ་ཨིན་པས།
དུས་ཡུན་འགོར་སོ་རུང་ དངུལ་རྩིས་ལྷན་ཁག་གིས་ སྤྱི་ལོ་༢༠༢༤ གི་ ཟླཝ་༡༠པ་ལས་༡༢ པ་ཚུན་ གཞུང་གི་མ་རྩ་དང་ ཨི་ཨེསི་པི་སྐྱིན་འགྲུལ་ རྒྱ་སྐྱེད་འབད་མི་ལུ་བརྟེན་ ལས་སྡེའི་སྐྱིན་འགྲུལ་ཚུ་ ཡར་སེང་འགྱོ་བའི་ རེ་བ་བསྐྱེདཔ་ཨིན་པས།
སྤྱི་ལོ་༢༠༢༣ གྱི་ ཟླཝ་༦ པ་ཚུན་དང་འཁྲིལཝ་ད་ དངུལ་ཁང་ཚུ་གིས་ དགོས་མཁོའི་དངུལ་རྐྱང་གསོག་འཇོག་ དངུལ་ཀྲམ་ཐེར་འབུམ་་༡༧.༩༦ དང་གཅིག་ཁར་ དངུལ་རྐྱང་གསོག་འཇོག་ཆ་ཚད་དོན་ལུ་ རྩིས་རྐྱབ་པའི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་༢༤.༥༣ གྱི་ དངུལ་སྒྱུར་དངོས་པོའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
དངུལ་འབྲེལ་གཙུག་སྡེ་ཚུ་གི་གྲས་ལས་ འབྲུག་གི་དངུལ་ཁང་ཚད་ལུ་ དངུལ་སྒྱུར་དངོས་པོ་ བརྒྱ་ཆ་༣༠.༦༢ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ འབྲུག་པི་ཨེན་བི་དངུལ་ཚད་ལུ་ བརྒྱ་ཆ་༢༧.༨༩ དང་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་ལུ་ བརྒྱ་ཆ་༢༠.༩༧ ཡོད་པའི་གནས་ཚུལ།

བཙན་སྐྱོགས་དབང་འདུས།

Advertisement