༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ འཕྲལ་གྱི་རྩིས་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ཀྱི་ དབང་པོ་སྐྱོན་ཅན་གྱི་ཤེས་ཡོན་ལས་རིམ་ནང་ ཡུན་འགྱངས་དང་ ཁྱད་པར་སྦོམ་ ཆགས་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
དེ་གིས་ འཆར་གཞི་བརྩམས་ནི་དང་ འཆར་དངུལ་བགོ་བཀྲམ་ དེ་ལས་ འཆར་གཞི་ལས་སྣ་ཚུ་ ལག་ལེན་འཐབ་པའི་སྐབས་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།
རྩིས་ཞིབ་དེ་ཡང་ རྫོང་ཁག་༡༠ གྱི་ སློབ་གྲྭ་༡༣ དང་ ཐིམ་ཕུག་དང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ སློབ་གྲྭ་༢ ནང་ཡང་ འབད་ཡོདཔ་བཞནིན་དུ་ རྩིས་ཞིབ་དེ་ཡང་ རྩིས་ལོ་༢༠༡༨-༡༩ དང་ རྩིས་ལོ་༢༠༢༠-༢༡ བར་ན་ རྐྱབ་ཡོདཔ་ཨིན་པས།
རྩིས་ཞིབ་འབད་འཛིན་གྱིས་ སྙན་ཞུ་དེ་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ དུས་ཅི་ སྤྱི་ཟླ་༩ པའི་ནང་ བྱིན་ཡོདཔ་ཨིན་པས།
རྩིས་ཞིབ་ཀྱི་ ཞིབ་རྟོགས་ནང་ སྲིད་བྱུས་དང་ སྤྱིར་བཏང་དབང་པོ་སྐྱོན་ཅན་ཚུ་གི་ གྲུབ་འབྲས་བར་ན་ ཁྱད་པར་སྦོམ་ཞུགས་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ སྙན་ཞུའི་ནང་ རྒྱལ་ཁབ་ཀྱིས་ ཤེས་ཡོན་ཆ་ཚང་ལག་ལེན་འཐབ་ནི་ལུ་ རྒྱལ་ཡོངས་སྲིད་བྱུས་དང་ གནས་སྟངས་ཀྱི་བར་ན་ རིམ་སྒྲིག་སྟེ་མེད་མི་བརྩིས་ཏེ་ དཀའ་ངལ་སྣ་མང་སྦེ་ བྱུང་སྟེ་འདུག་ཟེར་ཨིན་པས།
ཧེ་མ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ དྲུང་ཆེན་ཡིག་ཚང་སྦེ་ ཡོད་མི་ལུ་ དབང་པོ་སྐྱོན་ཅན་དང་འབྲེལ་བའི་ སྲིད་བྱུས་དང་ ལས་རིམ་ཚུ་ མཉམ་འབྲེལ་འབད་ནི་ལུ་ ལཱ་འགན་འབག་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ འཆར་གཞི་ལྟ་རྟོག་དང་ མཉམ་འབྲེལ་སྡེ་ཚན་གྱིས་ དབང་པོ་སྐྱོན་ཅན་གྱི་ རྒྱལ་ཡོངས་སྲིད་བྱུས་ལྟ་རྟོག་དང་ བསྟར་སྤྱོད་འབད་ནི་ དང་ལེན་འཆར་གཞི་བཟོ་ཡོད་རུང་ ཧྲིལ་བུ་སྦེ་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
གནད་དོན་དེ་ལུ་བརྟེན་ དབང་པོ་སྐྱོན་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ གནད་དོན་ཚུ་ གཙོ་བོ་ཚུ་ ལག་ལེན་འཐབ་མ་ཚུགས་པར་ ཡུན་འགྱངས་ལུས་ཡོདཔ་ཨིན་པས།
དབང་པོ་སྐྱོན་ཅན་གྱི་ལས་རིམ་ཚུ་ ཡར་དྲག་གཏང་ཐབས་ལུ་ སྤྱི་ལོ་༢༠༡༩ ལུ་ ལྷན་ཁག་གི་ ལོ་༡༠ གྱི་ དམིགས་བསལ་གྱི་གྲུལ་བཙུགས་ཤེས་ཡོན་ འཆར་གཞི་ཨམ་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཨིན་རུང་ འཆར་གཞི་ཨམ་གྱི་ ནང་འཁོད་ཀྱི་ དང་ལེན་འཆར་གཞི་ནང་ གྲུབ་འབྲས་ཐོན་ནང་ བཀག་དང་འབྲེལ་བའི་ གནད་དོན་དང་འབྲེལ་བའི་ དཀའ་ངལ་ཚུ་བྱུང་ཡོདཔ་ཨིན་པས།
རྩིས་ཞིབ་སྙན་ཞུ་ནང་ བཀོད་མིའི་ནང་ དམིགས་བསལ་དགོས་མཁོ་ཡོད་མི་ སློབ་ཕྲུག་ཚུ་གི་གྱངས་ཁ་དང་ མི་རློབས་གྱངས་ཁ་ དེ་ལས་ གཞི་རྟེན་མཐུན་རྐྱེན་དང་ གསོ་བའི་མཐུན་རྐྱེན་ཐག་ཉེ་དང་འཁྲིལ་ཏེ་ གྲལ་བཙུགས་སློབ་གྲྭ་ཚུ་ གདམ་ཐུ་འབད་དགོ་པའི་ ཚད་གཞི་ཚུ་ཡོདཔ་ཨིན་པས།
ཚད་གཞི་དེ་ཚུ་ཡོད་རུང་ མཐུན་རྐྱེན་མེད་མི་དང་ ལམ་ཐག་རིང་མི་ལུ་བརྟེན་ སློབ་གྲྭ་ཚུ་གིས་ དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་ག་ར་ལུ་ ལེན་མ་ཚུགས་པར་ཡོདཔ་ཨིན་པས།
འཆར་གཞི་ཨམ་དེ་ འཆར་གཞི་དང་འཁྲིལ་ཏེ་ དམིགས་བསལ་ཤེས་ཡོན་གྱི་དོན་ལུ་ མཐུན་རྐྱེན་བགོ་བཀྲམ་ཚུ་ འདྲ་མཉམ་སྦེ་ ངེས་བརྟན་ལུ་ བཟོ་ཡོདཔ་ད་ ཨིན་རུང་ རྩིས་ཞིབ་འབད་བའི་སྐབས་ འཆར་དངུལ་ཐབས་ལམ་དེ་ གཞི་བཙུགས་མ་འབད་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
རྫོང་ཁག་དང་ ཁྲོམ་སྡེ་ཚུ་གིས་ དམིགས་བསལ་ཤེས་ཡོན་ལས་རིམ་ གོང་འཕེལ་གཏང་ནིའི་དོན་ལུ་ ལོགས་སུ་སྦེ་ འཆར་གཞི་ཚུ་ བགོ་བཀྲམ་འབད་བར་ཡོད་མི་ལུ་བརྟེན་ སློབ་གྲྭ་ཚུ་གིས་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ གཞི་རྟེན་དང་ ཤེས་ཡོན་གྱི་ཅ་ཆས་ཚུ་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པའི་ནང་འཁོད་ལུ་ གྲལ་བཙུགས་ཤེས་ཡོན་གྱི་ སློབ་གྲྭ་༤༤ ལུ་ དབང་པོ་སྐྱོན་ཅན་གྱི་ སློབ་ཕྲུག་༡,༢༥༣ འཛུལ་ཞུགས་འབད་ཡོད་མི་དེ་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་༢༠༡༧ ཅན་མའི་ནང་ སྐྱེས་ལོ་ཀླད་སྐོར་ལས་༢༤ ཚུན་ དབང་པོ་སྐྱོན་ཅན་༡,༦༡༦ ཡོད་མི་ལས་ བརྒྱ་ཆ་༧༧.༣ འཛུལ་ཞུགས་འབད་ཚུགས་ཡོདཔ་ཨིན་པས།
ལྷག་ལུས་བརྒྱ་ཆ་༢༢.༦༡ དེ་ གྲལ་བཙུགས་ཤེས་ཡོན་དང་ ཡང་ཅིན་ དམིགས་བསལ་གྱི་ ཤེས་ཡོན་ཚུ་གིས་ ཐོབ་མ་ཚུགས་པར་ ཡོདཔ་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ ཨ་ལུའི་གནས་སྐབས་ནང་ ཧ་སུ་བར་འཛུགས་འབད་ནི་ལུ་ ཁྱད་པར་སྦོམ་སྦེ་ ཞུགས་ཡོདཔ་སྦེ་ བཀོད་དེ་ཡོདཔ་ད་ རྒྱལ་ཁབ་ཀྱི་ ཨ་ལུ་གཅེས་སྐྱོང་དང་ཡར་སྐྱེད་གོང་འཕེལ་ལྟེ་བ་༥༨༣ ཕུད་རྡོག་གཅིག་གིས་ཡང་ དབང་པོ་སྐྱོན་ཅན་དང་འབྲེལ་བའི་ ཞབས་ཏོག་ཚུ་ མ་ཐོབ་པར་ཡོདཔ་ཨིན་པས།
ད་རེས་ ཧ་སུ་བར་འཛུལ་གྱི་དང་འབྲེལ་བའི་ ཐབས་ལམ་དེ་ ཨ་ལུ་སྐྱེས་ལོ་༥ འགྱོཝ་ད་རྐྱངམ་གཅིག་ ཐོབ་སྟེ་ཡོད་མི་དེ་ ཕྱིས་ཡོདཔ་སྦེ་ སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པས།
གྲལ་བཙུགས་ཤེས་ཡོན་ནང་ ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་མེད་པའི་ཁར་ གཙུག་སྡེ་ཚུ་གིས་བར་ན་ཡང་ གཅིག་མཐུན་ལེགས་ཤོམ་ མེད་མི་ལུ་བརྟེན་ གྲུབ་འབྲས་ཐོན་མ་ཚུགསཔ་སྦེ་ རྩིས་ཞིབ་འབད་མི་ཚུ་གིས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
དམིགས་བསལ་ཤེས་ཡོན་གྱི་ སློབ་གྲྭ་ཚུ་ནང་ དམིགས་བསལ་ཤེས་ཡོན་གྱི་ སློབ་དཔོན་དང་ ཅ་ཆས་མ་ལང་པའི་དཀའ་ངལ་ཚུ་ཡང་ ཐོན་ཏེ་ཡོདཔ་ད་ གསོ་བ་དང་ ཤེས་ཡོན་ལྷན་ཁག་གི་བར་ན་ མཉམ་འབྲེལ་མེད་མི་གིས་ཡང་ དབང་པོ་སྐྱོན་གྱི་ སློབ་ཕྲུག་ཚུ་ལུ་ གསོ་བའི་ཞབས་ཏོག་ མ་ཐོབ་པའི་ དཀའ་ངལ་ཚུ་ཡང་ ཐོན་ཏེ་ཡོདཔ་ཨིན་པས།
སློབ་གྲྭ་གཞི་བཀོད་ལམ་སྟོན་དང་ དབང་པོ་སྐྱོན་ཅན་བཟོ་སྐྲུན་ལམ་སྟོན་གནས་ཚད་དང་འཁྲིལ་ཏེ་བཟོ་མི་ གཞི་རྟེན་གོང་འཕེལ་གཏང་དགོཔ་ཨིན་རུང་ བཟོ་སྐྲུན་འབད་བའི་སྐབས་ དགོས་མཁོ་དང་འཁྲིལ་ཏེ་ མ་འབད་བར་ཡོདཔ་ཨིན་པས།
དམིགས་བསལ་ཤེས་ཡོན་ལས་རིམ་ འགོ་མ་བཙུགས་པའི་ཧེ་མར་རྐྱབ་མི་ སློབ་གྲྭ་ཚུ་ནང་ ཐོབ་སྤྱོད་ཀྱི་དོན་ལུ་ དགོས་མཁོ་ཅན་གྱི་ མཐུན་རྐྱེན་ཚུ་ མ་ཐོབ་པར་ཡོདཔ་ཨིན་པས།
སྙན་ཞུ་ནང་ ལྟ་རྟོག་དང་ དབྱེ་ཞིབ་ཀྱི་ལམ་ལུགས་ནང་ཡང་ དཀའ་ངལ་ཡོདཔ་སྦེ་ བཀོད་དེ་ཡོདཔ་ད་ དབྱེ་ཞིབ་ལམ་ལུགས་ནང་ ཤེས་ཡོན་གྲུབ་འབྲས་ལུ་ གཙོ་རིམ་བཟུང་ཡོདཔ་མ་གཏོགས་ དགོས་མཁོ་ཅན་ཨིན་མི་ གཞི་རྟེན་ཐོབ་སྤྱོད་ཚུ་ འགབ་སྟེ་མེདཔ་སྦེ་བཀོད་དེ་ ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།