༉ ན་ཧིང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་ དབང་པོ་སྐྱོན་ཅན་ཚུ་ལས་ ཕོ་མོ་དང་འབྲེལ་བའི་གནད་དོན་༡༠ ཐོ་བཀོད་འབད་མི་དེ་ འགོ་དང་པ་ཨིན་པས།
དབང་པོ་སྐྱོན་ཅན་ཚུ་གི་ མི་སྡེའི་ནང་འཁོད་ལུ་ ཕོ་མོའི་རྩུབ་སྤྱོད་དང་འབྲེལ་བའི་ གནད་དོན་དར་ཁྱབ་ཡོད་པའི་སྐོར་ལས་ བརྟག་ཞིབ་ཅིག་འབད་དེ་མེད་རུང་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པ་གིས་ རྒྱལ་ཁབ་ནང་ དབང་པོ་སྐྱོན་ཚུ་ནང་འཁོད་ལུ་ གོ་བ་བརྡ་སྤྲོད་འབད་ནི་དེ་ གདོང་ལེན་ཅན་ཅིག་ཨིན་མས་ཟེར་ཨིན་པས།
སྤྱི་ལོ་༢༠༢༣ གྱི་ རྒྱལ་ཡོངས་གསོ་བའི་བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་པའི་མི་རློབས་བརྒྱ་ཆ་༦.༨ དབང་པོ་སྐྱན་ཅན་གྱི་ གནས་སྟངས་ནང་ཡོདཔ་སྦེ་ ཞིབ་རྟོག་བྱུང་ཡོདཔ་ཨིན་པས།
འབྲུག་པོ་སྐྱོན་ཅན་ཚོགས་པའི་ བཀོད་ཁྱབ་མདོ་ཆེན་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ མི་སྡེ་ལེགས་ཤོམ་བཟོ་ཐབས་ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་གི་ ལཱ་ཚུ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དབང་པོ་སྐྱོན་ཅན་ཚུ་ལུ ཕོ་མོའི་རྩུབ་སྤྱོད་དང་ ཁོང་གི་ལྕོགས་གྲུབ་དང་ འོས་འབབ་ཚུ་ལུ་ ཚོད་ཉུང་འབད་དེ་ ངོས་ལེན་འབད་མི་མེད་པལས་ ཞབས་ཏོག་ཚུ ག་ཏེ་ལས་ ལེན་ནི་ཨིན་ནའི་སྐོར་ལས་ དབང་ཆ་བྱིན་དགོཔ་འདུག་ཟེར་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་ དབང་པོ་སྐྱོན་ཅན་ ཨམ་སྲུ་ཅིག་ མི་སྡེ་ཞན་ལོག་བལྟ་མི་དང་ མོ་རའི་ཐོབ་དབང་སྐོར་ལས་མ་ཤེས་པར་ འགྲོ་བ་མིའི་ངོས་ལེན་ ལེགས་ཤོམ་མ་བྱིན་པའི་ལོ་རྒྱུས་ཡང་ བཤད་ཡོདཔ་ཨིན་པས།
ཨིན་རུང་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པའི་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ མོ་ར་ གཞི་སྒྱུར་སྦོམ་སོང་ཡོདཔ་ད་ ཚོགས་པ་གིས་ རྒྱབ་སྐྱོར་དང་ གོ་སྐབས་ཐོབ་མི་དེ་གིས་ རང་གིས་དོགས་པ་ཆགས་མི་དང་ མོ་རའི་དབང་ཆ་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དེ་ དབང་ཆ་ཐོབ་ནི་ལུ་ བློ་སྟོབས་བསྐྱེད་ཚུགས་ཡོདཔ་ཨིན་པས།
ཁོ་གིས་ གཞི་རིམ་གནས་ཚད་ལས་ དབང་པོ་སྐྱོན་ཅན་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་དེ་ གདོང་ལེན་བྱུང་བའི་སྐོར་ལས་ བཤད་ཡོདཔ་ད་ མང་ཤོས་ཅིག་གིས་ གཞི་རྟེན་དགོས་མཁོ་དང་ འགྲུལ་སྐྱོད་ དེ་ལས་ ལ་ལོ་ཅིག་ མལ་ཆ་ནང་ལས་ལོང་མ་ཚུགས་པར་ འདུག་ཟེར་ཨིན་པས།
ལམ་འགྱོ་མ་ཚུགས་པར་ཡོད་མི་ དབང་པོ་སྐྱོན་ཅན་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
ཚོགས་པ་གིས་ ཁྱིམ་གྱི་མཐའ་སྐྱོང་སྦྱོང་བརྡར་བརྩིས་ཏེ་ འདོད་སྤྱོད་སྐྱེ་རྒྱུན་འཕྲོད་བསྟེན་དང་ཐོབ་དབང་དང་འབྲེལ་བའི་ ལས་འགུལ་གྱི་ལས་རིམ་ཚུ་ མཉམ་སྡེབ་འབད་ཡོདཔ་ཨིན་པས།
ཚོགས་པ་གིས་ ཁྱིམ་གྱི་མཐའ་སྐྱོང་གི་སྦྱོང་བརྡར་དེ་ དབང་པོ་སྐྱོན་ཅན་༡༦ ལུ་ བྱིན་ཏེ་ཡོདཔ་ད་ དེ་ཡང་ ན་ཧིང་ ཟླ་རིམ་༢ རིང་གི་ ཟ་ཁང་འཛིན་སྐྱོང་སྦྱོང་བརྡར་ ལས་རིམ་གྱི་ ཤ་ཆས་ཅིག་ཨིནམ་ད་ ལས་རིམ་དེ་ནང་ འདོད་སྤྱོད་དང་སྐྱེ་རྒྱུན་འཕྲོད་བསྟེན་ ལས་སྣ་ཚུ་ ཚུད་དེ་ཡོདཔ་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ཐོབ་དབང་དང་ ཁོང་གི་ཉེན་སྲུང་ སྲུང་སྐྱོབ་འབད་ཐབས་ལུ་ འདོད་སྤྱོད་སྐྱེ་རྒྱུན་འཕྲོད་བསྟེན་དང་ ཐོབ་དབང་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནི་དེ་ དགོས་མཁོ་ཅན་ཅིག་ཨིན་མས་ཟེར་ཨིན་པས།
ལས་སྡེ་ཁག་ གསོ་བ་དང་ ཤེས་རིག་ གཡོག་སྤྲོད་ཚུ་གི་ དབང་པོ་སྐྱོན་ཅན་ཚུ་ལུ་ དབང་ཆ་བྱིན་ནི་ ཡར་དྲག་གཏང་ཐབས་ལུ་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པ་གིས་ དབང་པོ་སྐྱོན་ཅན་འདྲ་མཉམ་སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ཡང་ སྲིད་བྱུས་བཟོ་མི་དང་ ལས་འཛིན་ ཞི་གཡོགཔ་ དེ་ལས་ གཞན་མི་ཚུ་ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ གདོང་ལེན་བྱུང་མི་དང་ ཁོང་གི་ ཐོབ་དབང་ཚུ་གི་སྐོར་ལས་ ཤེས་ཡོན་བྱིན་ཐབས་ལུ་ བཅའ་མར་གཏོགས་ཚུགས་པའི་ མི་སྡེ་ཅིག་ གོང་འཕེལ་བཏང་ཐབས་ལུ་ཨིན་མས།
སྦྱོང་བརྡར་གྱི་ ཁྱད་ཆོས་མ་འདྲཝ་ཅིག་དེ་ སྦྱོང་བརྡར་བྱིན་མི་ཡང་ དབང་པོ་སྐྱོན་ཅན་ཚུ་ ཡོདཔ་ཨིན་པས།
དབང་པོ་སྐྱོན་ཅན་ཚུ་ལུ་ གདོང་ལེན་བྱུང་མི་དེ་ འཚོ་བའི་ཉམས་མྱོང་ལུ་བརྟེན་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཚུགས་ནི་མས་ཟེར་ ཀུན་ལེགས་དབང་ཕྱུག་གིས་ བཤདཔ་ཨིན་པས།
དབང་པོ་སྐྱོན་ཅན་འདྲ་མཉམ་སྦྱོང་བརྡར་སྐབས་ ས་གནས་གཞུང་ འགོ་དཔོན་ཚུ་ལུ་ དབང་པོ་སྐྱོན་ཅན་ཚུ་ ཁོང་རའི་འཆར་གཞི་ནང་ དོན་སྨིན་ཅན་སྦེ་ བཙུགས་ནི་སྐོར་ལས་ བཤད་ཡོདཔ་ཨིན་པས།
དྲང་བདེན་ལམ་ལུགས་ཐད་ལུ་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ཆ་ཚང་དང་ ཐོབ་སྤྱོད་ལམ་ལུགས་ཅིག་ དགོཔ་འདུག་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པ་གིས་ དབུས་ཕྱོགས་དང་ ཤར་ཕྱོགས་རྫོང་ཁག་༡༠ ནང་ དབང་པོ་སྐྱོན་ཅན་འདྲ་མཉམ་སྦྱོང་བརྡར་ཚུ་གི་ སྦྱོང་བརྡར་འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ལྷག་ལུས་རྫོང་ཁག་ཚུ་ནང་ཡང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement