༉ ཁ་ཙ་ མི་དབང་རྒྱལ་པོའི་སྲསམོ་ ཨུཏྤལ་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དབང་པོ་སྐྱོན་ཅན་ཚུ་ལུ་ དབང་ཆ་བྱིན་ནི་དང་ འཚོ་སྐྱོང་འཐབ་ཚུགས་ནིའི་དོན་ལས་ གཅིག་ཁ་ཟེར་མི་གྲོས་གཞི་ གཞི་བཙུགས་གནང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ལས་༢༠༢༧ ཚུན་ ལོ་༤ གི་རིང་ རྩོལ་སྒྲུབ་འབད་མི་ གཅིག་ཁ་གྲོས་གཞི་གིས་ ཀ་ཆེན་གཙོ་བོ་༤ གི་ཐོག་ལས་ དབང་པོ་སྐྱོན་ཅན་ཚུ་ལུ་ དབང་ཆ་བྱིན་ནིའི་ དམིགས་གཏད་བསྐྱེདཔ་ཨིནམ་ད་ དེ་ཡང་ འཚོ་སྐྱོང་གི་དབང་ཆ་བྱིན་ནི་དང་ གཙུག་སྡེའི་ལྕོགས་གྲུབ་བཟོ་ནི་ གདོང་ལེན་ཅན་གྱི་སྣང་འཆར་འབྱུང་ནི་ དེ་ལས་ དབང་པོ་སྐྱོན་ཅན་ཚུ་གི་ གནས་སྡུད་རྩ་བརྟན་བཟོ་ནི་ཚུ་ཨིན་པས།
འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་བཞུགས་མཉམ་འབྲེལ་བ་ ཀར་ལ་ རོ་བིན་ ཧར་ཤེ་གིས་ སླབ་མིའི་ནང་ གཅིག་ཁ་གྲོས་གཞི་དེ་ མི་ཚུ་གཅིག་ཁར་འབག་འོང་ནིའི་ ཐབས་ལམ་གསརཔ་ཅིག་ཨིན་པའི་ཁར་ དབང་པོ་སྐྱོན་ཅན་ཚུ་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་དང་མཐུན་པའི་ཐོག་ རྒྱུན་མཐུད་ཡར་རྒྱས་འགྱོ་ནི་དང་ དོན་སྨིན་ཅན་གྱི་ ཕན་འདེབས་འབད་ནིའི་དོན་ལུ་ གོ་སྐབས་བྱིནམ་ཨིན་ཟེར་ཨིན་པས།
གཅིག་ཁ་གྲོས་གཞི་དེ་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ འབྲུག་གི་ རྒྱལ་ཡོངས་སྲིད་བྱུས་དང་ དབང་པོ་སྐྱོན་ཅན་ཚུ་གི་ གནས་སྟངས་ཐོག་ལུ་ རྒྱལ་ཡོངས་ཚོགས་སྡེའི་ འཕྲལ་ཁམས་སྙན་ཞུ་གིས་ ལམ་སྟོན་འབདཝ་ཨིན་པས།
རྒྱལ་ཁབ་ནང་འཁོད་ལུ་ དབང་པོ་སྐྱོན་ཅན་ཚུ་གི་ མི་ཚེ་ལེགས་བསྒྱུར་གྱི་ དམིགས་གཏད་དང་གཅིག་ཁར་ སྲིད་བྱུས་བཟོ་མི་དང་ གོང་འཕེལ་མཉམ་རོགས་ ན་གཞོན་ སྒེར་སྡེ་ དེ་ལས་ དབང་པོ་སྐྱོན་ཞུགས་མི་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་ནིའི་དོན་ལུ་ བཟོ་བཀོད་འབད་ཡོདཔ་ཨིན་པས།
རྩོལ་སྒྲུབ་འདི་ནང་ བློན་ཆེན་ཡིག་ཚང་དང་ དངུལ་རྩིས་ལྷན་ཁག་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་ལྷན་ཁག་ དེ་ལས་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་གིས་མ་ཚད་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་ དབང་གསལ་སློབ་སྡེ་ མུན་གསལ་གླིང་སློབ་སྡེ་ དེ་ལས་ འབྲེལ་ཡོད་ལས་སྡེ་གཞན་ཚུ་གིས་ མཉམ་འབྲེལ་འབད་དེ་ཡོདཔ་ཨིན་པས།
རྒྱལ་སྤྱིའི་མཉམ་རོགས་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་དང་ འཛམ་གླིང་གསོ་བའི་ལས་ཚོགས་ ཨེ་ཤི་དང་ པེ་སི་ཕིག་གི་དོན་ལུ་ དཔལ་འབྱོར་དང་མི་སྡེའི་ལྷན་ཚོགས་ དེ་ལས་ བཟའ་སྤྱོད་དང་སོ་ནམ་ལས་ཚོགས་བཟུམ་ཚུ་ ལས་འགུལ་ལུ་ ཕན་འདེབས་འབད་མི་ གཙོ་ཅན་ཨིན་པས།
འབྲུག་གི་ དབང་པོ་སྐྱོན་ཅན་ལས་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ གཅིག་ཁ་གྲོས་གཞི་དེ་ ལས་ཚོགས་ཀྱི་ དམིགས་དོན་དང་ མཐུན་འགྲིགས་ཡོད་ཟེར་ཨིནམ་ད་ དབང་པོ་སྐྱོན་ཅན་ཚུ་གི་ ཁའི་རང་དབང་དང་ དགོས་མཁོ་ཚུ་ གྲོས་ཆོད་དང་ སྲིད་བྱུས་ དེ་ལས་ རྩོལ་སྒྲུབ་ཚུ་ནང་ ངེས་པར་དུ་ གཙོ་བོར་བཏོན་དགོ་ཟེར་ཨིན་པས།
ཉིནམ་༤ འབད་མི་ ལས་རིམ་དེ་ནང་ དབང་པོ་སྐྱོན་ཅན་ཚུ་གི་ འཚོ་བའི་གནས་སྟངས་ ལེགས་བཅོས་འབད་ནིའི་དོན་ལུ་ སྡོམ་རོགས་འབྲེལ་བ་དང་ མཉམ་འབྲེལ་ ཤེས་ཡོན་བརྗེ་སོར་ དེ་ལས་ མཉམ་རུབ་ངོས་ལེན་ཚུ་ནང་ དམིགས་གཏད་བསྐྱེད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།