༉ ཁ་ཙ་ རང་ཟླ་༦ པའི་ཚེས་༡༥ ཡར་ངོའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ ནང་པའི་ཆོས་ལུགས་ནང་ དབྱར་གནས་སྲུང་སྲོལ་ཡོདཔ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ བཤད་གྲྭ་ག་རའི་ནང་ ཟླ་ངོ་ཕྱེད་དང་༢ ཀྱི་རིང་ལུ་ དབྱར་གནས་བསྲུང་ནི་ འགོ་བཙུགས་ཡི།
དབྱར་གནས་སྲུང་སྲོལ་དེ་ཡང་ སྔོན་མ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱ་གར་རྡོ་རྗེ་གདན་ལུ་ སངས་རྒྱས་ཞིནམ་ལས་ དགེ་སློང་ཚུ་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བཞུགས་པའི་སྐབས་ དུས་རྒྱུན་འཚོ་བ་འཇིག་རྟེན་པ་ཚུ་ལས་ བསོད་སྙོམས་ལྷང་སྟེ་བཞུགས་ནུག།
ཨིན་རུང་ གནམ་བྱཱར་ད་རེས་བཟུམ་ཅིག་ཁར་ དགེ་སློང་ཚུ་ བསོད་སྙོམས་ལྷང་པར་ ཕར་ཚུར་འགྱོ་བའི་སྐབས་ལུ་ མིག་གིས་མ་མཐོང་མི་འབུབ་ཚུ་ རྐངམ་གིས་བསད་དོ་ཡོདཔ་ལས་ ཕྱི་རོལ་མུ་ཏིག་པ་ཚུ་གིས་ ནང་པའི་ཆོས་འབད་མི་ཚུ་ལུ་ ཁ་བཏང་པའི་ལོ་རྒྱུས་ཚུ་བྱུང་ནུག།
དེ་འབདཝ་ལས་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཕྱི་རོལ་པའི་འཕྱར་ཁ་ཟློག་ཐབས་ལུ་ གནམ་བྱཱར་གྱི་དུས་ཚོད་ ད་རེས་བཟུམ་ཅིག་ཁར་ དགེ་སློང་ཚུ་ ཟླ་ངོ་༣ གྱི་རིང་ ཕར་ཚུར་འགྱོ་མ་ཆོག་པར་ ཚུལ་ཁྲིམས་ཡང་དག་པར་བསྲུང་སྟེ་ ཆོས་འབད་བཅུག་ཡོདཔ་ཨིན་པས།
རྒྱུ་མཚན་འདི་ལུ་བརྟེན་ཏེ་ ང་བཅས་རའི་ རྒྱལ་ཁབ་ནང་ཡང་ ཞབས་དྲུང་རིན་པོ་ཆེ་ འབྲུག་ལུ་ཕེབས་ཞིནམ་ལས་ བོད་ལུ་དབྱར་གནས་ཟླ་ངོ་ཕྱེད་དང་༢ སྲུང་མི་དེ་ འགོ་དང་པ་ ལྕགས་རི་དགོན་པ་ལུ་འགོ་བཙུགས་ནུག།
དེ་གི་སྐབས་ལུ་ དགེ་སློང་ཚུ་ བཤད་གྲྭའི་ཕྱོགས་༤ ལས་བརྒལ་ཏེ་ ཕྱི་ཁར་འགྱོ་མ་ཆོག་པའི་ཁར་ གསོ་སྦྱོང་ཡན་ལག་༤ དགག་དབྱེ་༤ བསྙེན་གནས་ཡན་ལག་༨ ཀྱི་ སྡོམ་པ་ཚུ་བསྲུང་དགོཔ་ད་ དེ་ཡང་ སྲོག་གཅོད་པ་དང་ མ་བྱིན་པ་ལེན་པ་ མི་ཚང་སྤྱོད་པ་ རྫུན་སྨྲ་བ་ ཆང་སྤང་བ་ ཕྱི་དྲོ་ཁ་ཟས་སྤང་བ་ དེ་ལས་ གར་སོགས་༣ དང་ཕྲེང་སོགས་༣ ཚུ་སྤང་སྟེ་ རྣམ་པར་དག་པའི་ཚུལ་ཁྲིམས་ ཉམས་སུ་བླང་དགོཔ་ཨིན་མས།
དེ་མ་ཚད་ དགེ་སློང་ཚུ་གིས་ དྲོ་མཛར་དང་ ཉིན་མའི་གསོལཝ་ རང་ལུགས་ཀྱི་ བཞེས་ཆ་དང་ ལྷུང་བཟེད་ནང་བཞེས་དོ་ཡོདཔ་ད་ ཉིན་མའི་ཆུ་ཚོད་༡༢ ལས་ དྲོ་པའི་ཆུ་ཚོད་༦ ཚུན་ ཁ་ཟས་ཀྱི་རིགས་ཚུ་སྤངས་ཏེ་ བཞུགསཔ་ཨིན་པས།
དེ་གི་སྐབས་ལུ་ དད་ལྡན་མི་སེར་ཚུ་གིས་ རང་སོའི་ འབྱོར་པ་དང་བསྟུན་ཏེ་ དགེ་སློང་ཚུ་ལུ་ གསོལ་ཚོགས་དང་ གཞན་ཉེར་མཁོའི་མཐུན་རྐྱེན་ཚུ་ གྲོགས་རམ་འབད་དེ་ ཞབས་ཏོག་ཞུ་སྲོལ་ཡོདཔ་ད་ དབྱར་གནས་ཀྱི་སྐབས་ལུ་ ལུས་ངག་ཡིད་༣ གྱི་སྒོ་ལས་ སྡིག་སྒྲིབ་སྤང་ནི་དང་ སྤང་རྟོགས་ཀྱི་ཡོན་ཏན་ཚུ་ ཚུལ་ཁྲིམས་རྣམ་དག་གི་སྒོ་ལས་ ཉམས་སུ་བླང་བའི་རྒྱུ་ལས་བརྟེན་ ཚོགས་བསགས་སྡིག་སྒྲིབ་སྦྱང་ཚུགས་པའི་ ཕན་ཡོན་ཡོདཔ་ལས་ དད་ཅན་ཡོངས་ཀྱིས་ དད་མོས་གཙང་མའི་སྒོ་ལས་ མི་དགེ་སྡིག་བྱ་སྤང་སྟེ་ དགེ་སྦྱོར་ལུ་བརྩོན་གནང་ཟེར་ ཞུ་ནི་ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།