༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་དང་འབྲེལ་ རྒྱལ་ཁབ་ཀྱི་ཐོན་ཁུངས་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ གཞུང་གིས་ རྒྱལ་ཁབ་ནང་ ས་གཏེར་གྱི་ སབ་ཁྲ་བཟོ་ནི་དང་ ས་གཏེར་འཚོལ་ཞིབ་ཚུ་ ཡོངས་རྫོགས་སྦེ་ འགོ་འདྲེན་འཐབ་དགོཔ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ དམངས་རྩིས་ཚོགས་ཆུང་གིས་ གྲོས་འདེབས་ཕུལ་ནུག།
དེ་ཡང་ ཚོགས་ཆུང་གིས་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱི་ ལས་སྤྱོད་དང་འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་ བསྐྱར་ཞིབ་འབད་ཐོག་ལས་ གྲོས་འདེབས་༩ ཕུལ་མིའི་གྲས་ལས་ གཅིག་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱི་ ལས་སྤྱོད་དང་འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་དེ་ སྤྱི་ལོ་༢༠༡༥ ལས་༢༢ བར་ན་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་གྱིས་ སྤྱིར་བཏང་གི་ སྤྱི་ལོ་ ༢༠༣༤ ལུ་ རྒྱལ་ཡོངས་དམིགས་ཡུལ་ གོང་འཕེལ་ཅན་གྱི་འབྲུག་གྱི་དོན་ལུ་ ས་གཏེར་དང་ གཏེར་ཁའི་ལས་སྡེ་ཚུ་ ཕན་ཐོགས་གཙོ་ཅན་ཅིག་སྦེ་ བརྩི་འཇོག་འབད་ཡོད་རུང་ རྒྱལ་ཁབ་ཀྱི་ ས་ཁམས་རིག་པའི་ཐོག་ལས་ བརྒྱ་ཆ་༣༣ རྐྱངམ་གཅིག་ སབ་ཁྲ་བཟོ་སྟེ་འདུག་ཟེར་ཞུ་ཡི།
དེ་འབདཝ་ལས་ གཞུང་གིས་ རྒྱལ་ཁབ་ནང་ འོས་འབབ་ཅན་གྱི་ ས་གཏེར་ཚུ་གི་དོན་ལུ་ རྒྱལ་ཡོངས་ནང་ ས་གཏེར་ཐོན་སྐྱེད་ཀྱི་ སབ་ཁྲ་བཟོ་ནི་དང་ ཞིབ་འཇུག་ཚུ་ ཚ་ངེར་བཏོན་ཏེ་ གནང་དགོ་པའི་ཁར་ ས་རིག་དང་ ས་གཏེར་ལས་ཁུངས་ཀྱིས་ ལཱ་འགན་ཚུ་ ཕན་ནུས་ཅན་སྦེ་ སྒྲུབ་ཐབས་ལུ་ ལྕོགས་གྲུབ་དང་ ཁྱད་རིག་ཅན་གྱི་ མི་སྟོབས་ཚུ་ ལངམ་སྦེ་བཙུགས་དགོ་དགོ་སྦེ་ ཚོགས་ཆུང་གིས་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
འབྲུག་ལུ་ གཏེར་རྫས་རྡོ་གནག་དང་ ལྕགས་རྡོ་ལ་སོགས་པ་ཚུ་ ཐོན་སྐྱེད་འབད་ནི་ལུ་ འོས་འབབ་སྦོམ་ ཡོདཔ་ཨིན་པས།
གནད་དོན་དེའི་ཐོག་ལུ་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་ མགོནམ་ཚེ་རིང་གིས་ ཞུ་མིའི་ནང་ གཞུང་གིས་ བརྒྱ་ཆ་༥༩ སབ་ཁྲ་བཟོ་ཚར་ཏེ་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༤༡ དེ་ འཆར་གཞི་༡༣ པ་ ཟླ་མཇུག་ལུ་ འབད་ཚར་ནི་ཨིནམ་ད་ དེ་ནང་ མདུན་སྐྱོད་ཅན་གྱི་ རླུང་ཐོག་གི་འཕྲུལ་ཆས་དང་ རྡོ་ཁབ་ལེན་གྱི་ བརྟག་ཞིབ་ཚུ་ གྲལ་གཏོགས་འབད་འོང་ཟེར་ཨིན་པས།
འཐུས་མི་ཚུ་གིས་ ས་གཏེར་ལུ་བརྟེན་ དམིགས་བསལ་དུ་ ས་གནས་ཀྱི་ མི་སེར་ཚུ་ལུ་ ཐོ་ཕོག་ཡོད་པའི་ ཚ་གྱང་ཚུ་ བཤད་ཡོདཔ་ཨིན་པས།
པདྨ་དགའ་ཚལ་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ འཇམ་དབྱངས་རྣམ་རྒྱལ་གྱིས་ ཞུ་མིའི་ནང་ མཁོ་ཐག་པ་གི་ རྡོ་དཀར་ལས་སྡེ་གིས་ ཁྱིམ་གུང་པ་༢༨ ལུ་ ཐལཝ་དང་ འུར་སྐད་ ལོ་ཐོག་ དེ་ལས་ ཁྱིམ་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ གདོང་ལེན་ཚུ་ བྱུང་སྟེ་འདུག་ཟེར་ཨིན་པས།
གནོད་སྐྱོན་རྐྱབ་མི་ཚུ་ གོ་རིམ་སྦེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་མི་གིས་ མི་སྡེ་ནང་ དཀའ་ངལ་བྱུང་སྟེ་ཡོདཔ་ལས་ དོན་སྨིན་ཅན་སྦེ་ ཚར་གཅིག་གུ་ སྤོ་བཤུད་འབད་དགོཔ་འདུག་ཟེར་ འཐུས་མི་གིས་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ གཞུང་གིས་ འཕྲལ་མགྱོགས་ར་ ས་གཏེར་ལུ་ གནོད་པ་རྐྱབ་མི་ཚུ་ དབྱེ་ཞིབ་འབད་ནི་ལུ་ ངེས་བརྟན་འབད་འོང་ཟེར་ཨིན་པས།
དམངས་རྩིས་ཚོགས་ཆུང་གིས་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ མཉམ་འབྲེལ་ཐོག་ལས་ རླུང་དང་ཆུ་ ཐལཝ་བཙོག་རླུང་ཞུགས་མི་དང་ དེ་ལས་ བཟོ་བཀོད་དང་ ལོ་ཐོག་ལུ་གནོད་སྐྱོན་བྱུང་མི་ལུ་ འོས་ལྡན་གྱི་བརྟག་དཔྱད་འབད་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
ཚོགས་ཆུང་གིས་ རྒྱལ་ཁབ་ནང་ ས་གཏེར་ལེ་ཤ་བཏོན་མིའི་གྲས་ལས་ རྡོ་དཀར་དེ་ ཕན་ནུས་ཅན་ཅིག་སྦེ་ མངོན་གསལ་བྱུང་ཡོད་རུང་ མཁོ་ཐག་པ་ས་གཏེར་ལས་སྡེ་ ཐད་ཀར་དུ་ ཤུ་མར་རྒེད་འོག་གི་ གུང་པ་༢༨ དང་ ས་མཚམས མཐུད་དེ་ཡོདཔ་ད་ ཁྱིམ་གུང་པ་༥༠ ལྷགཔ་ཅིག་ མི་ཊར་༥༠༠ འི་ མཐའ་འཁོར་ལུ་ ཆགས་ཏེ་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ གས་རྫས་ཚུ་ དུས་རྒྱུན་དུ་ ལག་ལེན་འཐབ་མི་ལུ་བརྟེན་ བཟོ་བཀོད་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་ ཉེན་སྲུང་ཡང་ དོ་འབག་མི་ སྣུམ་འཁོར་ཊཱག་ཚུ་ མང་སུ་སྦེ་འགྱོ་མི་ལུ་བརྟེན་ སྟབས་མ་བདེཝ་བྱུང་ཡོད་པའི་ ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ བཀྲིས་གཡང་རྩེ་རྫོང་ཁག་ རྒེད་འོག་གི་འཁོར་ལམ་ (ཀི་ལོ་མི་ཊར་༢༥) མདོ་གསུམ་ལས་ ཡར་ལངས་དང་ རམ་འཇར་རྒེད་འོག་ཚུན་གྱི་ ལམ་གྱི་གནས་སྟངས་དེ་ རྫོང་ཐུང་ལས་ མདོ་གསུམ་གྱི་ ཉེ་འདབས་ལུ་ཡོད་པའི་ མཛོད་ཁང་ནང་ སྣུམ་འཁོར་ཆེ་བ་ཚུ་ འགྲུལ་སྐྱོད་འབད་མི་ལུ་བརྟེན་ ལམ་གྱི་གནས་སྟངས་སྐྱོ་སུ་ འགྱོ་ཡོདཔ་སྦེ་ ཞིབ་རྟོག་བྱུང་ནུག།
བསམ་རྩེ་ ཅུ་ནི་ཁོ་ལ་ལུ་ དོ་ལོ་མའིཊ་གི་ ས་གཏེར་གྱི་ ཉེ་འདབས་ལུ་ གཞིས་ཆགས་ཏེ་མེད་རུང་ པག་ལི་ལུ་ སྡོད་མི་ཚུ་གིས་ དོ་ལོ་མའིཊ་གི་ ས་ཁོངས་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ ས་གནས་ཁར་ ཆུ་རྐ་སྐམ་འགྱོ་བའི་ ཚ་ གྱང་ཡོད་ལུགས་ཚུ་ཡང་ ཡོདཔ་ཨིན་པས།
གནད་དོན་དེ་ སེལ་ཐབས་ལུ་ ཚོགས་ཆུང་གིས་ གཞུང་དང་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ཡུན་རིང་གི་ ས་གཏེར་རྒྱ་སྐྱེད་འཆར་གཞི་དང་ གནོད་སྐྱོན་བྱུང་མིའི་ མི་སྡེ་ཚུ་གི་དོན་ལུ་ ས་ཆ་མཁོ་སྒྲུབ་དང་ གཞིས་སོ་ནིའི་ ཐབས་བྱུས་ཡོངས་རྫོགས་བཟོ་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ རྡོ་སོལ་མར་ཕབ་སོང་སྟེ་ དེ་གིས་ ནང་འཁོད་རྩི་ས་བཟོ་གྲྭ་ཁང་ཚུ་ནང་ ཐོ་ཕོག་ཡོད་པའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་བཞིན་དུ་ རྡོ་སོལ་གྱིས་ ནང་འཁོད་རྩི་ས་བཟོ་གྲྭ་གི་ དགོས་མཁོ་གྲུབ་ མ་ཚུགས་པའི་ དཀའ་ངལ་ཚུ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ དང་༢༠༢༣ གི་བར་ན་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ རྡོ་སོལ་མེ་ཊིག་ཊཱན་༦༩༥,༡༥༤ བཟོ་སྐྲུན་འབད་ཡོདཔ་ད་ ཐོན་སྐྱེད་ཀྱི་དམིགས་གཏད་ཚད་གཞི་ མེ་ཊིག་ཊཱན་༧༨༡,༥༠༠ ལས་ བརྒྱ་ཆ་༨༩ གྲུབ་ཡོདཔ་ཨིན་པས།
ཧབ་རང་ལུ་ རྡོ་སོལ་ཐོན་སྐྱེད་དེ་ རྒྱ་ཆེ་དྲགས་སྦེ་ར་ མར་ཕབ་སོང་ཡོདཔ་ལས་ སྤྱི་ལོ་༢༠༢༤ མཇུག་བསྡུ་ཁམས་ཅིག་ཁར་ སྒོ་བསྡམས་ནི་ཨིནམ་ད་ དེ་བཟུམ་སྦེ་ མ་ཇུ་བ་ རྡོ་སོལ་གཏེར་ཁ་ཡང་ སྤྱི་ལོ་༢༠༢༤ ཟླ་༤ པ་ལས་ རྡོ་སོལ་ཐོན་ཁུངས་མེདཔ་ལས་ སྒོ་བསྡམས་ཡོདཔ་ཨིན་པས།
སྐྱེལ་འདྲེན་ཟད་འགྲོ་ མར་ཕབ་དང་ ནང་ཁོད་རྩི་ས་དེ་ དོ་འགྲན་ཅན་བཟོ་ཐབས་ལུ་ ཚོགས་ཆུང་གིས་ བདེ་བ་ཐང་དང་ ངང་ལམ་གྱི་གཞུང་ལམ་སེལ་ནི་ལུ་ ཚ་ངེར་བཏོན་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྡོ་སོལ་ཕྱིར་ཚོང་འཐབ་ནི་ནང་ སྐྱེལ་འདྲེན་གྱི་ ཟད་འགྲོ་མར་ཕབ་འབད་ནིའི་དོན་ལུ་ བསམ་རྩེ་ པག་ལི་ལུ་ རིལ་ལི་ལམ་ཅིག་ བཟོ་སྐྲུན་འབད་དགོ་པའི་ གྲོས་འདེབས་ཡང་ བཀོད་དེ་ཡོདཔ་ཨིན་པས།
ཚོགས་ཆུང་གིས་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་འོག་ལུ་ཡོད་པའི་ ས་རིག་དང་ས་གཏེར་ལས་ཁུངས་ཀྱིས་ ཐབས་རིག་གི་ འོས་འབབ་དང་ མཐའ་འཇུག་གི་ ས་གཏེར་འོས་འབབ་ཞིབ་འཇུག་ནང་ གསོག་འཇོག་ལངམ་སྦེ་ ཡོད་མེད་ལྟ་རྟོག་འབད་དེ་ ཚད་གཟུང་དགོཔ་འདུག་ཟེར་ཨིན་པས།
ཚོགས་ཆུང་གིས་ རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ཚོང་སྒྱུར་རྒྱ་སྐྱེད་ཞིབ་འཚོལ་འབད་ནི་དང་ ས་གཏེར་ཐོན་སྐྱེད་ཚུ་ སྣ་མང་སྦེ་བཟོ་དགོཔ་དང་ གཞུང་གིས་ འབྲུག་གློག་རིག་ཅ་དམ་འཛིན་སྐྱོང་རིམ་ལུགས་དང་ འབྲུག་ཚོང་འབྲེལ་དངུལ་རྩིས་རིམ་ལུགས་ དེ་ལས་ འབྲུག་གཅིག་བསོམས་འོང་འབབ་འཛིན་སྐྱོང་རིམ་ལུགས་ལ་སོགས་པའི་ ཡོངས་འབྲེལ་ཚད་འཛིན་གྱི་ མ་སྒོ་ཚུའི་ འཇོན་ཐང་ཡར་སེང་འབད་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༠-༢༣ ཚུན་ ས་གཏེར་སོ་སོ་ཚུ་ལས་ ཕན་འདེབས་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༡.༡ ཐོབ་ཡོདཔ་ད་ ཁྲལ་དང་ ཆོག་ཐམ་གྱི་འཐུས་ ས་གཏེར་གྱི་གླ་སྤྱད་འཐུས་དང་ བགོ་བཤའི་ཁེབ་ས་ཚུ་ནང་མཐོ་ཤོས་ དོ་ལོ་མའིཊ་གིས་ བརྒྱ་ཆ་༧༠.༢ ཕན་འདེབས་འབད་ཡོདཔ་ད་ དེ་གི་ཤུལ་ལས་ རྡོ་དཀར་གྱིས་ བརྒྱ་ཆ་༢༠ དང་ རྡོ་སོལ་གྱིས་ བརྒྱ་ཆ་༡༠.༣ ལྷན་ཐབས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement