༉ དར་དཀར་ནང་ སྒོ་ཤིང་རྒེད་འོག་ རྡོ་གག་དང་ བར་ལེབ་སྒང་སྤྱི་འོག་གི་ གཡུས་མི་ཚུ་གིས་ ས་གནས་ཀྱི་དཔལ་འབྱོར་ཡར་དྲག་གཏང་ཐབས་ལུ་ འཕྲལ་མགྱོགས་ར་ སྔོ་ཚལ་ཨེ་ལོ་བེ་ར་གི་ གླང་ལེབ་ཐོན་སྐྱེད་འབད་ནི་ཨིན་པས།
རྡོ་གག་མི་སྡེ་སློབ་གྲྭ་དེ་ སྤྱི་ལོ་༡༩༧༧ ལུ་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༡༧ ལུ་ སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་ སློབ་ཕྲུག་མེད་མི་ལུ་བརྟེན་ སྒོ་བསྡམས་དགོཔ་བྱུང་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ སློབ་གྲྭ་དེ་ ཉམས་བཅོས་ལ་སོགས་པ་ ག་ནི་ཡང་མ་འབད་བར་ བཞག་པའི་ཤུལ་ལུ་ དེ་ཁར་ཡོད་པའི་མཐུན་རྐྱེན་ སློབ་སྦྱོང་ཁང་དང་ སློབ་དཔོན་གྱི་སྡོད་གནས་ གསང་སྤྱོད་ ཕུཊ་བཱོལ་རྩེད་ཐང་ཚུ་ག་ར་ ཚལ་མ་གིས་ གང་ཡོདཔ་ཨིན་པས།
ད་རེས་འཕྲལ་ཁམས་ཀྱི་ མི་སྡེ་དྲན་ཤེས་གཞི་བཀོད་ཐོག་ འཐུས་མི་༢༥ འབད་མི་ཅིག་གིས་ གྲོས་འཛོམས་འབད་ཡོདཔ་ད་ དེ་ཡང་ རྡོ་འགག་དང་ བར་ལེབ་སྒང་གི་མི་སེར་ཚུ་གིས་ ས་ཁོངས་དེ་ སློབ་གྲྭ་རྙིངམ་ལས་ གླང་ལེབ་བཟོ་སྦྱོར་ཁང་ལུ་ བསྒྱུར་བཅོས་འབད་དགོ་པའི་ གྲོས་བསྟུན་ཚུ་འབད་ཡོདཔ་ཨིན་པས།
ཐབས་བྱུས་དེ་གིས་ མི་སྡེ་དྲན་ཤེས་གཞི་བཀོད་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ ས་གནས་ཀྱི་ཚོང་འབྲེལ་གོ་སྐབས་ཚུ་ ལྟ་ཡོདཔ་ད་ ཐབས་བྱུས་གསརཔ་དེ་གིས་ མི་སྡེ་ལུ་བསྒྱུར་བ་འབག་འོང་ནི་དང་ ས་གནས་ནང་སྡོད་མི་ཚུ་ལུ་ འོང་འབབབ་ཚུ་ ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་གིས་ ས་གནས་གཞུང་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལུ་ གྲོས་གཞི་ཚུ་བཙུགས་ཡོདཔ་ད་ དེ་ཡང་ ཡུ་རོ་པི་ཡན་ཡུ་ནི་འོན་གྱི་ ས་གནས་གཞུང་གི་ ཆ་ཤས་ཀྱི་ རྒྱབ་སྐྱོར་ལས་འགུལ་ཐོག་ གནད་གལ་ཅན་གྱི་ ལས་རིམ་ལུ་གཞི་བཟུང་འབད་ཡོདཔ་ད་ འགོ་བཙུགས་ཀྱི་སྐབས་ལུ་ ལོ་གསུམ་གྱི་རིང་ རྒྱབ་སྐྱོར་མ་དངུལ་ དངུལ་ཀྲམ་ས་ཡ་༡ དང་སྦྲགས་ ཐབས་རིག་གི་རྒྱབ་སྐྱོར་ཚུ་ཡང་འབད་ནི་ཨིནམ་ད་ དམིགས་ཡུལ་དེ་ གླང་ལེབ་བཟོ་ནིའི་དོན་ལུ་ སྤྱི་འོག་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འཛུགས་སྐྱོང་འབད་ནི་ཨིན་ཟེར་ཨིན་པས།
སྒོ་ཤིང་རྒཔོ་ ཀུན་བཟང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ སྒོ་ནོར་གསོ་སྐྱོང་དང་ ཤ་མུ་འཛུགས་སྐྱོང་ཚུ་ འབད་ནིའི་དཔའ་བཅམ་འབད་རུང་ དེ་ཁར་ ན་གཞོན་བཅའ་མར་གཏོགས་མི་ མེད་མི་ལུ་བརྟེན་ མཐར་འཁྱོལ་བྱུང་མ་ཚུགསཔ་ད་ ད་རེས་ཀྱི་ གླང་ལེབ་ཐབས་ལམ་དེ་ ལེགས་ཤོམ་འགྱོ་ནི་བཟུམ་ཡོདཔ་བཞིན་དུ་ ང་བཅས་ཀྱིས་འབད་བ་ཅིན་ ལས་འགུལ་དེ་གིས་ མི་སྡེ་ལུ་ འོང་འབབབ་ཚུ་ ལེགས་ཤོམ་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སློབ་གྲྭ་དེ་ རྒེད་འོག་བདག་སྐྱོང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་རུང་ དེ་གི་ཁྲམ་ཚུ་ ད་ལྟོ་ ཤེས་རིག་དང་རིག་རྩལ་ལྷན་ཁག་ནང་ར་ ཡོདཔ་ཨིན་པས།
འཁོར་ལམ་སྦྲེལ་མཐུད་དང་ ཚོང་འབྲེལ་འཐབ་ཆོག་ཆོག་ཡོད་མི་ལུ་བརྟེན་ ལས་འགུལ་དེ་གི་ལྷན་ཐབས་བཟུམ་ཅིག་ ཨིན་ཟེར་ཨིན་པས།
སྒོ་ཤིང་དམངས་མི་ སངས་རྒྱས་དབང་མོ་གིས་ བཤད་མིའི་ནང་ མི་སྡེ་དྲན་ཤེས་གཞི་བཀོད་ཀྱི་འགན་ཁུར་དེ་ སྤྱི་ལོ་༢༠༡༨ ལུ་ མི་སྡེའི་སྡེ་ཚན་དགུ་ འབད་མི་ཅིག་ཡོད་མི་གིས་ ལག་ལེན་འཐབ་དོ་ཡོདཔ་སྦེ་ཨིན་པས།
སྡེ་ཚན་དེ་གིས་ ས་གནས་ཀྱི་ གསར་བཏོད་ཚུ་ལུ་ དམིགས་ཡུལ་བསྐྱེད་དེ་ ལཱ་འབད་ཡོདཔ་ད་ ལཱ་ཚུ་ཡང་ འཁོར་ལམ་རྒྱུན་སྐྱོང་དང་ སོ་ནམ་ལཱ་ སྒོ་ནོར་ཐོན་སྐྱེད་ ཆུ་གཡུར་ འཐུང་ཆུ་བཀྲམ་སྤེལ་ལ་སོགས་པ་ཚུ་ནང་ འབད་དོ་ཡོདཔ་ཨིན་པས།
འདི་བཟུམ་གྱི་ གྲོགས་རམ་ལུ་བརྟེན་ སོ་ནམ་པ་ཚུ་ ཧེ་མའི་ཐོན་སྐྱེད་ཚུ་ ལོག་ལག་ལེན་འཐབ་དོ་ཡོདཔ་ད་ དེ་གིས་ ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་བྱུང་ཚུགས་པས་ཟེར་ཨིནམ་བཞིན་དུ་ ང་བཅས་ཀྱི་ ས་གནས་ནང་ཡོད་པའི་ ཨམ་སྲུ་དང་ ན་གཞོན་ཚུ་གིས་ ལས་འགུལ་དེ་ ལག་ལེན་འཐབ་པ་ཅིན་ ལེགས་ཤོམ་ཡོད་ཟེར་ སླབ་ཅི་ཟེར་ཨིན་པས།
སྔོ་ཚལ་ཨེ་ལོ་བེ་ར་གི་ གླང་ལེབ་ཐོན་སྐྱེད་འབད་ནིའི་དོན་ལུ་ གྲོས་གཞི་དེ་ གནད་དོན་གཙོ་བོ་གཉིས་ལུ་ གཞི་བཟུང་འབད་དོ་ཡོདཔ་ད་ འབྲུག་གི་ རྫས་སྦྱོར་སླ་བསྲེ་མེད་པའི་ཐོན་སྐྱེད་དང་ འཛམ་གླིང་ནང་ ཚ་དྲོད་ཡར་སེང་འགྱོ་དོ་ཡོད་པའི་ གདོང་ལེན་དང་འདྲཝ་སྦེ་ སྐྱེ་ལྡན་གནས་སྟངས་ཀྱི་ ལྷན་གྲོགས་འབད་ནི་ལུ་ ཁས་ལེན་འབད་ཡི་ཟེར་ཨིན་པས།
ལས་འགུལ་གྱི་ གྲོས་གཞི་ལྟར་དུ་འབད་བ་ཅིན་ མོ་བཏབ་ཀྱི་ལས་འགུལ་དེ་ སྔོ་ཚལ་ཨེ་ལེ་བེ་ར་ བསྡུ་བསྒྱོམ་འབད་ནི་ལུ་ དམིགས་ཡུལ་བསྐྱེད་དེ་ གླང་ལེབ་ཀྱི་ཐོན་སྐྱེད་འབད་ནི་ ཨིན་ཟེར་ཨིནམ་ད་ མོ་བཏབ་ཀྱི་ ལས་འགུལ་དེ་ མཐར་འཁྱོལ་བྱུང་ཞིནམ་ལས་ འཆར་གཞི་ཚུ་ རྒྱ་ཆེ་སུ་སྦེ་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
ལས་འགུལ་དེ་ གོ་རིམ་བཞིན་དུ་སྦེ་ ལེགས་ཤོམ་འགྱོ་བའི་བསྒང་ལས་ གླང་ལེབ་ཚོང་འབྲེལ་གྱི་ ཐབས་བྱུས་བཏོན་ཏེ་ བསིལ་ཚོང་རྐྱབ་མི་དང་ ཟ་ཁང་ གླང་ལེབ་ཚོང་ཁང་ གསོ་བའི་མཛོད་ཁང་ སྨན་བཙོང་ཁང་ ཚོང་འབྲེལ་ལྟེ་བ་ཚུ་ནང་ལས་ཕར་ མཉམ་འབྲེལ་ཐོག་ ཚོང་འབྲེལ་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།