༉ དངུལ་རྩིས་ལྷན་ཁག་གི་ སྤྱི་ཟླ་༦ པའི་ དུས་མཐུན་སྙན་ཞུ་དང་འཁྲིལཝ་ད་ དུས་ཅི་ འབྲུག་གི་ནང་འདྲེན་རྩིས་ཐོ་དེ་ དངུལ་ཀྲམ་ཐེར་འབུམ་༩༧.༧ ལུ་ ལྷོད་ནིའི་ཚོད་དཔག་འབད་ཡོདཔ་ད་ དེ་ནང་ལས་ བརྒྱ་ཆ་༨༥ ལྷགཔ་ཅིག་ རྒྱ་གར་ལས་ འོང་ནི་མས་ཟེར་ཨིན་པས།
དུས་ཡུན་དེ་ནང་ ཡོངས་བསྡོམས་དངུལ་ཀྲམ་ཐེར་འབུམ་༤༡ གནས་པའི་ ཕྱིར་ཚོང་གི་ ཚོད་དཔག་འབད་ཡོདཔ་ད་ དེ་ཡང་ དུས་ཅི་ རྒྱ་གར་ལུ་ བརྒྱ་ཆ་༧༥ དེ་ཅིག་ ཕྱིར་ཚོང་འཐབ་ནི་ཨིན་པས།
འབྲུག་གིས་ ནང་འཁོད་མཁོ་འདོད་འགྲུབ་ཐབས་ལུ་ ནང་འདྲེན་ལུ་ བརྟེན་སྡོད་མི་དང་ ཕྱིར་ཚོང་གཞི་རྟེན་ཉུང་སུ་ཅིག་ལས་མེད་མི་ལུ་བརྟེན་ དུས་ཅི་ ཚོང་འབྲེལ་རྩིས་ཆད་ནང་ དངུལ་ཀྲམ་ཐེར་འབུམ་༥༦.༧ འཐོན་ནི་ཨིན་མས།
འདས་པའི་ལོ་ནང་ རྒྱལ་ཁབ་ཀྱི་ ནང་འདྲེན་དངུལ་ཀྲམ་ཐེར་འབུམ་༡༠༨.༤༢ ལུ་ལྷོད་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༢༢ ལུ་ དངུལ་ཀྲམ་ཐེར་འབུམ་༡༡༨.༧༩ ལུ་ལྷོད་ཡོདཔ་ཨིན་པས།
ཚོང་འབྲེལ་རྩིས་ཆད་ཀྱི་ གནད་དོན་དེ་ཡང་ ནང་འདྲེན་གྱི་གོང་ཚད་དེ་ ཕྱིར་ཚོང་ལས་ མཐོ་ཤོས་ཅིག་ཨིནམ་ལས་ དེ་གིས་ ཕྱི་དངུལ་གསོག་འཇོག་མ་ལང་པའི་གནད་དོན་དང་ ཕྱིའི་བུ་ལོན་ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ སྤྱི་ཟླ་༧ པའི་ཚེས་༡ ལུ་ ཁྱིམ་གྱི་སྐྱིན་འགྲུལ་བཀག་ཆ་འབད་མི་དེ་ ཡངས་ཆག་བཏང་མི་དང་ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ སྣུམ་འཁོར་ནང་འདྲེན་འབད་ནི་ ལོག་འགོ་བཙུགས་མི་དེ་གིས་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོག་འཇོག་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་ཨིན་པས།
རྒྱལ་འཛིན་དངུལ་རྩིས་དབང་འཛིན་གྱི་ གནས་སྡུད་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ ཕྱི་དངུལ་གསོག་འཇོག་དེ་ སྤྱི་ཟླ་༦ པའི་ནང་ ཡུ་ཨེསི་ཌོ་ལར་ས་ཡ་༥༩༦.༨༥ (ཡུ་ཨེསི་ཌོ་ལར་ས་ཡ་༤༢༣.༣༩ དང་ རྒྱ་གར་གྱི་ རུ་པི་ཐེར་འབུམ་༡༤.༤༥) ཨིནམ་ད་ དུས་ཅི་ སྤྱི་ཟླ་༣ པ་ལས་ བརྒྱ་ཆ་༡༥ མར་བབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ གི་ ལོ་ཕྱེད་དང་པ་ལུ་ འབྲུག་གི་ ནང་འདྲེན་རྩིས་ཐོ་དེ་ དངུལ་ཀྲམ་ཐེར་འབུམ་༥༦.༣༤ ལུ་ ལྷོད་ཡོདཔ་ད་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༢ ཡར་སེང་སོང་ནུག།
ནང་འདྲེན་མཐོ་ཤོས་༡༠གྱི་གྲས་ལས་ དངུལ་ཀྲམ་ཐེར་འབུམ་༥.༦ གནས་པའི་ ཌི་ཟིལ་གྱིས་ ཨང་དང་པ་ཐོན་ཡོདཔ་ད་ དེ་གི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་༡.༩ གནས་པའི་ པེ་ཊཱོལ་དང་ དངུལ་ཀྲམ་ཐེར་འབུམ་༡.༣༢ གནས་པའི་ འགྲུལ་འཕྲིན་ཨིནམ་ད་ གོང་འཕེལ་དེ་གིས་ འབྲུག་རྒྱལ་ཁབ་འདི་ ནང་འདྲེན་གྱི་ཐད་ཁར་ དགོས་མཁོ་ཅན་གྱི་ཅ་ཆས་དང་ མཁོ་ཆས་ཚུ་ལུ་བརྟེན་སྡོད་དེ་ཡོད་ཟེར་ གསལ་སྟོན་འབདཝ་ཨིན་པས།
དུས་ཅི་གི་ ལོ་ཕྱེད་དང་པའི་སྐབས་ ཕྱིར་ཚོང་འགོ་ཁྲིད་འབད་མི་དེ་ དངུལ་ཀྲམ་ཐེར་འབུམ་༧.༠༢ གནས་པའི་ ཕེ་རོ་སི་ལི་ཀཱོན་ཨིནམ་ད་ དེ་གི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་༡.༧༡ གནས་པའི་ རྡོ་ཨིནམ་ད་ དེ་ལས་ དངུལ་ཀྲམ་ཐེར་འབུམ་༡.༢༦ གནས་པའི་ རྡོ་ཌོ་ལོ་མ་ཡེཊ་ཨིནམ་སྦེ་ བཀོད་ནུག།
རྩིས་ལོ་༢༠༢༤-༢༠༢༥ འི་དོན་ལུ་ དངུལ་འབྲེལ་རྩིས་ཆད་ཀྱི་ ཚད་གཞི་དེ་ དངུལ་ཀྲམ་ཐེར་འབུམ་༥༥.༨༦ ལུ་ ཡར་སེང་འགྱོ་ནི་ཨིནམ་ད་ དེ་གིས་ ནང་འཁོད་འོང་འབབ་ཀྱི་ བརྒྱ་ཆ་༡༦.༡ ཨིནམ་ད་ དེ་ཡང་ དངུལ་ཀྲམ་ཐེར་འབུམ་༥༦.༣༢ (ཡོངས་འབོར་ཡོངས་འབོར་གྱི་ བརྒྱ་ཆ་༡༨.༩) ལས་ མར་བབས་སོང་ཡོདཔ་ཨིན་པས།
དངུལ་རྩིས་ལྷན་ཁག་གིས་ བཤད་མིའི་ནང་ དུས་ཡུན་བར་གནས་ནང་ དངུལ་འབྲེལ་དང་ གསར་སྒྲུབ་གཉིས་ཆ་ར་ ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་ད་ དེ་ཡང་ འཆར་གཞི་༡༣ པའི་ ལག་ལེན་དང་འབྲེལ་བའི་ སྐྱིན་འགྲུལ་དང་ གནང་བྱིན་ཚུ་ ཡར་སེང་སོང་མི་དང་ ཆུར་བརྟེན་གློག་མེ་ལས་འགུལ་གསརཔ་ཚུ་ འགོ་བཙུགས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རྩིས་ལོ་༢༠༢༤-༢༠༢༥ འི་དོན་ལུ་ ལྷན་ཁག་གིས་ དངུལ་སྤྲོད་ལེན་གནས་ཚད་དེ་ བརྒྱ་ཆ་༣༢.༥ ཡར་སེང་འགྱོ་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ད་ དེ་ཡང་ མང་ཤོས་ཅིག་ར་ འོང་འབབ་ཡར་སེང་འགྱོ་མི་དང་ ཆུའི་ཐོན་སྐྱེད་མེན་པའི་ ཚོང་ཆས་ཕྱིར་ཚོང་ཡར་སེང་འགྱོ་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།