༉ སྤྱི་ལོ་༢༠༢༤ གི་ འབྲུག་དབང་རྒྱལ་རང་ལུགས་མདའ་གཞུའི་ རྒྱལ་རྟགས་རྩེད་འགྲན་དེ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡༡ ལུ་ ཐིམ་ཕུག་ ལྕང་གླིང་མི་ཐང་གི་ འབའ་སྐྱོར་ནང་སྦེ་ བཀྲིས་སྒང་ཨུ་མཛོ་རོང་རྒེད་འོག་དང་ བསམ་གྲུབ་ལྗོངས་མཁར་ མར་ཚ་ལ་རྒེད་འོག་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་ནི་ཨིན་པས།
རྩེད་འགྲན་དེ་ འབྲུག་རང་ལུགས་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཁར་ རྒེད་འོག་༥༠ ཡོད་ས་ལས་ སྡེ་ཚན་༥༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
མཐའ་བཅད་འགྲན་བསྡུར་འོག་མའི་ནང་ ཨུ་མཛོ་རོང་སྡེ་ཚན་དང་ སྦི་གདུང་རྒེད་འོག་གི་ སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྐུགས་༢༥-༢༤ དང་༢༥-༡༩ སྦེ་ རྒྱལ་ཁ་ཐོབ་ཡོདཔ་ད་ མར་ཚ་ལ་དང་ སྟོང་མི་བྱང་ས་རྒེད་འོག་གི་བར་ན་ རྩེད་འགྲན་འབདཝ་ད་ སྐུགས་༢༥-༦ དང་༢༥-༡༣ སྦེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཨུ་མཛོ་རོང་གི་ སྡེ་ཚན་འགོ་ཁྲིདཔ་ ནག་མདོག་གིས་ བཤད་མིའི་ནང་ སྡེ་ཚན་གྱིས་ མཐའ་བཅད་ནང་ལྷོད་ཚུགས་མི་ལུ་ སེམས་དགའ་ཡོདཔ་མ་ཚད་ ད་རུང་ ལྕོགས་གྲུབ་ཚུ་བཏོན་ནི་ཨིན་ཟེར་ཨིནམ་ད་ ཁོ་གིས་ སྡེ་ཚན་གྱི་རྒྱབ་སྐྱོར་སྦེ་ ས་གནས་ཀྱི་ གནས་བདག་གཞི་བདག་ཚུ་ལུ་ གསོལཝ་བཏབ་མིའི་གྲུབ་འབྲས་ཨིན་མས་ཟེར་ཨིནམ་ད་ སྡེ་ཚན་ཆ་རོགས་ཚུ་ལུ་ཡང་ བློ་བདེ་སྟེ་སྡོད་ཅི་ཟེར་ཨིན་པས།
ཨོ་མཛོ་རོང་གི་ སྡེ་ཚན་གྱི་མདའ་རྩེདཔ་མང་ཤོས་ དེད་གཡོག་པའི་ཕྱག་ཞུ་མི་ཨིནམ་ལས་ རྫོང་ཁག་སོ་སོ་ཚུ་ནང་ ལཱ་འབད་མི་ཙང་ཙ་ ཨིན་ཟེར་ཨིན་པས།
ང་བཅས་སྡེ་ཚན་ཆ་རོགས་ཚུ་གིས་ མཐའ་བཅད་ཀྱི་ རྩེད་འགྲན་འབད་ནི་ཨིན་མི་ བྱང་ཕྱད་སྡེ་ཚན་དེ་ སྒྲིང་སྒྲི་ཡོདཔ་སྦེ་ ཧ་གོ་ཡོདཔ་ཨིན་རུང་ དོ་འགྲན་དེ་ རྩེདམོ་ཅིག་འབད་ནི་དེ་གིས་ ག་གིས་རྒྱལ་ཁ་ཐོབ་ཚུགས་འོང་ག་ སླབ་མི་ཤེས་ཟེར་ཨིནམ་ད་ ང་བཅས་ཀྱི་སྡེ་ཚན་དེ་ དེ་ཅིག་ར་ སྒྲིང་སྒྲི་མེད་དེ་འབད་རུང་ རྩེད་འགྲན་ཐེངས་༥ གི་སྐབས་ལུ་ ལྕོགས་གྲུབ་ཚུ་ ལེགས་ཤོམ་སྦེ་ བཏོན་ཚུགས་ཅི་ཟེར་ཨིན་པས།
མར་ཚ་ལ་གི་ སྡེ་ཚན་འགོ་ཁྲིདཔ་ བླམ་རྡོ་རྗེ་གིས་ བཤད་མིའི་ནང་ ང་བཅས་ཀྱི་སྡེ་ཚན་གྱིས་ མཐའ་བཅད་སྐབས་ ཨུ་མཛོ་རོང་སྡེ་ཚན་དེ་ ཕམ་བཏང་ཚུགས་ཟེར་ཨིནམ་ད་ སྡེ་ཚན་ནང་ མདའ་རྩེདཔ་༡༣ ཡོད་ས་ལས་༡༠ དེ་ དྲག་ཤོས་ཀྱི་གྲངས་སུ་ འབད་མི་ཚུ་ཨིན་ཟེར་ཨིན་པས།
ཁོང་གིས་ ཨུ་མཛོ་རོང་སྡེ་ཚན་ཚུ་ རྩེད་འགྲན་འབད་སར་ལྟཝ་ད་ ཁོང་གིས་ ཕམ་ཚུགས་པའི་ བློ་སྤོབས་ཐོབ་ཅི་ཟེར་ཨིནམ་ད་ དེ་ཡང་ བསམ་གྲུབ་ལྗོངས་མཁར་གྱི་ མི་སེར་གྱི་ རྒྱབ་སྐྱོར་དང་ སྨོན་ལམ་ལུ་བརྟེན་ ཨིན་ཟེར་ཨིན་པས།
མི་གུ་ལུ་མདའ་ཕོག་པའི་གནད་དོན།
སྤྱི་ཟླ་༡༡ པའི་ཚེས་༤ གི་ནང་འཁོད་ལུ་ རྩེད་འགྲན་པ་༤ གུ་ལུ་ མདའ་ཕོག་ཡོདཔ་ད་ མདའ་རྩེདཔ་ཚུ་ཡང་ མཁོ་མང་རྒེད་འོག་དང་ སྒོམ་དར་རྒེད་འོག་ དེ་ལས་ སྟོང་མི་བྱང་ས་རྒེད་འོག་གི་སྡེ་ཚན་ཚུ་ རྐངམ་གུ་ལུ་ མདའ་ཕོག་སྟེ་ ཡོདཔ་ཨིན་པས།
མཁོ་མང་དང་ སྒོམ་དར་གྱི་མདའ་རྩེདཔ་ མདའ་ཕོག་མི་ཚུ་ རྨ་སྐྱོན་དུམ་གྲ་རེ་མ་གཏོགས་མ་བྱུངམ་ད་ ཁོང་ཆ་ཁྱབ་ སྨན་ཁང་ནང་ འགྱོ་དགོཔ་མ་ཐོནམ་ཨིན་རུང་ སྟོང་མི་བྱང་ས་གི་མདའ་རྩེདཔ་ མདའ་ཕོག་མི་དེ་ སྨན་ཁང་ནང་བསྐྱལ་དགོཔ་བྱུང་རུང་ སྨན་བཅོས་འབད་དེ་ ལོག་བཏང་ཡི་ཟེར་ འབྲུག་རང་ལུགས་མདའ་རྩེད་ཚོགས་པ་གིས་ བཤདཔ་ཨིན་པས།
འབྲུག་རང་ལུགས་མདའ་རྩེད་ཚོགས་པའི་ འགོ་དཔོན་གྱིས་ བཤད་མིའི་ནང་ མདའ་ཕོག་མི་ཚུ་ མང་ཤོས་ར་ འབའ་གཏད་དེ་ སྡོད་པའི་སྐབས་ལུ་ དྲན་སྟོན་དང་ མིག་ཏོ་གསལ་ཏོག་ཏོ་ཐོག་ གནས་མ་ཚུགས་མི་ལུ་བརྟེན་ ཨིན་མས་ཟེར་ཨིནམ་ད་ སྤྱིར་བཏང་ ཉེན་སྲུང་མཐུན་རྐྱེན་ཚུ་ ཡོད་དེ་འབད་རུང་ མདའ་རྩེདཔ་ཚུ་གིས་ དྲནམ་བཏོན་སུ་ཅིག་སྦེ་ སྡོད་དགོཔ་གལ་ཆེ་བས་ཟེར་ཨིན་པས།
རྩེད་འགྲན་འགོ་འདྲེན་པ་གིས་ མཐའ་བཅད་རྩེད་འགྲན་སྐབས་ལུ་ དྲན་པ་ཐེབས་ཅིག་ར་བཏོན་ཏེ་ རྩེད་འགྲན་འབད་དགོཔ་སྦེ་ ཨུ་ཚུགས་བསྐྱེད་དེ་ ཡོད་ཟེར་ཨིན་པས།
མདའ་རྩེདཔ་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདི་བཟུམ་གྱི་གནད་སྟངས་བྱུང་མི་དེ་ ཉིནམ་དེ་ཁར་ དབང་ཐང་རླུང་རྟ་རྒུད་པའི་སྐབས་སུ་ ཨིན་མས་ཟེར་ཨིནམ་ད་ ལ་ལུ་ཅིག་གིས་ འབད་བ་ཅིན་ གལ་སྲིད་ རང་ལུ་མདའ་གི་ཕོག་ཚོད་དེ་ཅིག་ར་ མཐོང་མ་ཚུགས་མི་དང་ བློ་སྤོབས་དེ་ཅིག་ར་ མེདཔ་འདྲཝ་འབད་བ་ཅིན་ རྩེད་འགྲན་སྐབས་ འབའ་གི་སྦོ་ལོགས་ཁར་ སྡོད་ནི་མི་འོང་ཟེར་ཨིན་པས།
རང་ལུགས་ཀྱི་ལམ་སྲོལ།
མདའ་རྩེད་འགྲན་བསྡུར་འབད་ནི་དེ་ དོ་འགྲན་སྦོམ་ཤོས་ཅིག་དང་ རྣམ་རྟོག་ཅན་ཅིག་སྦེ་ཡང་ བརྩི་སྲོལ་ཡོདཔ་ཨིན་པས།
སྡེ་ཚན་གྱི་འགོ་ཁྲིདཔ་ གཉིས་ཆ་ར་གིས་ ལོ་རྒྱུས་བརྗེ་སོར་འབད་མིའི་ནང་ ཁོང་གིས་ གསེར་སྐྱེམས་ག་དེ་སྦེ་ ཕུལཝ་ཨིན་ན་དང་ མདའ་འགོ་མ་བཙུགས་པའི་ཧེ་མར་ ས་གནས་ཀྱི་ གནས་བདག་གཞི་བདག་ཚུ་ལུ་ གསོལ་ཁ་ཕུལ་ཐངས་ དེ་ཡང་ རང་ལུ་རྐྱེན་དང་བར་ཆད་ཚུ་ མི་འབྱུང་ནིའི་ཐབས་ལུ་ སྔོན་འགྲོའི་དོགས་སེལ་ཐོག་ ལམ་ཕྱོགས་བཟང་དོ་བཟུམ་ཅིག་སྦེ་ཨིན་པས།
མདའ་རྩེདཔ་ཚུ་གིས་ རང་གི་མདའ་གཞུ་ཚུ་ ལྷ་ཁང་དང་ མགོན་ཁང་གི་མཆོད་གཤམ་ཚུ་ནང་བསྐྱལ་བཞག་སྟེ་ བར་ཆད་མེད་པའི་གསོལཝ་བཏབ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ནངས་པར་མདའ་རྩེ་ནི་ཨིན་པ་ཅིན་ ད་རིས་ཕྱི་རུ་ ཁྱིམ་ནང་ཡང་མ་ཉལ་བར་ གཙང་སྦྲ་བཏོན་དགོཔ་སྦེ་ སླབ་སྲོལ་ཡོདཔ་ཨིན་པས།
རང་ལུགས་ཀྱི་ རྣམ་རྟོག་དེ་ གལ་སྲིད་ མདའ་རྩེདཔ་ཅིག་གིས་ ཕྱི་རུ་ཕོ་མོ་ ལུས་འབྲེལ་རེ་འབདཝ་འདྲཝ་འབད་བ་ཅིན་ དེ་གིས་ དབང་ཐང་རླུང་རྟ་སྤུབས་ཏེ་ མདའི་རྒྱལ་ཁ་ཐོབ་མི་ཚུགས་ཟེར་ སླབ་སྲོལ་ཡོད་ཟེར་ མར་ཚ་ལ་སྡེ་ཚན་གྱི་འགོ་ཁྲིདཔ་ བླམ་རྡོ་རྗེ་གིས་བཤད་པའི་ཁར་ ཁོ་གི་སྡེ་ཚན་ཚུ་ ཟ་ཁང་ནང་ བཞགཔ་ཨིན་ཟེར་ཨིན་པས།
མདའ་རྩེདཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་ཁ་ཕམ་སོཔ་འདྲཝ་འབད་བ་ཅིན་ རང་གི་དབང་ཐང་དང་ རླུང་རྟ་སྤུབས་པའི་གྲངས་སུ་ བརྩིསཝ་ཨིན་ཟེར་ཨིནམ་ད་ རྒྱལ་ཁ་འཐོབ་ནི་དེ་ རྩེད་འགྲན་འབད་བའི་གྲངས་སུ་མིན་པར་ གཙོ་བོ་ར་ རང་ཕྱོགས་ལུ་ ཕམ་ཁ་མེད་པའི་ དཔའ་ཉམས་བསྐྱེད་ཐབས་འབད་ནི་ལུ་ མནོ་བསམ་བཏང་དགོ་ཟེར་ཨིན་པས།
མདའ་རྩེདཔ་ཚུ་གིས་ རྩིསཔ་ཚུ་འཚོལ་ཐོག་ལས་ བྱང་ཕྱད་སྡེ་ཚན་དེ་ ཕམ་གཏང་ནིའི་དོན་ལུ་ ལྷ་ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་ཁ་ཕུལ་ཏེ་ ཐབས་ཤེས་སྣ་ཚོགས་འགྲིགས་ཏེ་ འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།