༉ ད་རེས་འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ རྒྱལ་འཛིན་ལ་མཐོ་སའི་དུས་སྟོན་ལས་རིམ་སྐབས་ སྤྱི་ལོ་༢༠༢༤ གི་ ལ་ཡ་བང་རྒྱུག་ལས་རིམ་ནང་ རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ སྐྱེས་ལོ་༦༥ ལང་མི་ ཚེ་དབང་རྟ་མགྲིན་དེ་ བང་རྒྱུག་ལས་རིམ་ནང་ བཅའ་མར་གཏོགས་མིའི་གྲངས་སུ་ ལོ་ན་རྒས་ཤོས་ཅིག་ཨིན་པས།
ཚེ་དབང་རྟ་མགྲིན་གྱིས་ ཀི་ལོ་མི་ཊར་༢༥ འབད་མི་ ལ་ཡ་བང་རྒྱུག་ལས་རིམ་ནང་ ཆུ་ཚོད་ཕྱེད་དང་༤ ལུ་ མཇུག་བསྡུ་ཚུགས་ཡོདཔ་ཨིན་པས།
འདི་བཟུམ་གྱི་ ཉམས་མྱོང་ཐོབ་མི་དེ་ དམིགས་བསལ་གྱི་དྲན་སྣང་ཨིནམ་མ་ཚད་ དུས་སྟོན་ནང་བཅའ་མར་གཏོགས་ཚུགས་མི་གིས་ རང་གི་རེ་དོན་གྲུབ་ཡོདཔ་ད་ ཁོ་དང་གཅིག་ཁར་ ཆ་རོགས་ཚུ་ཡོདཔ་ལས་ དེ་གིས་ ཧེང་སྐལ་ར་ སྤྲོ་བ་ཅན་བཟོ་ཡོདཔ་ཨིན་པས།
མ་གཞི་ ཚེ་དབང་རྟ་མགྲིན་དེ་ བང་རྒྱུག་ལས་རིམ་ནང་ བཅའ་མར་གཏོགས་མི་མེན་པར་ ལ་བཤལ་ལུ་འགྱོ་མི་ཅིག་ཨིནམ་ད་ ཁོ་གིས་ ལ་མཐོ་ས་ སྤུ་མོ་ལ་དང་ ཆོས་འཁོར་རྩེ་ ཕ་ཇོ་སྡིངས་ དེ་ལས་ རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭའི་ ལྟག་ལས་ཡོད་པའི་ ནགས་ཚལ་ཚུ་ནང་ལས་ཕར་ བཤལ་འགྱོ་དོ་ཡོདཔ་ཨིན་པས།
ཁོ་གིས་ མནོ་དོ་བཟུམ་འབད་བ་ཅིན་ ལ་མཐོ་ས་ཚུ་ནང་ལས་ཕར་ འཛེགས་འགྱོ་ནི་དེ་ རང་གི་དོན་ཧིང་ཚུ་ ལེགས་ཤོམ་བཟོ་བའི་ཁར་ དགོས་མཁོ་ཅན་གྱི་ སྲོག་རླུང་ཚུ་ཡང་ ཡར་སེང་འབད་ཚུགས་པས་ཟེར་ཨིན་པས།
དེ་འབདཝ་ད་ ལ་ཡ་གི་བང་རྒྱུག་ལས་རིམ་དེ་ ཁོ་ལུ་ དོ་འགྲན་ཅན་ཅིག་བྱུང་ཡོདཔ་ད་ དེ་ཡང་ ཀི་ལོ་མི་ཊར་༢༥ ཡོད་ས་ལས་ ཀི་ལོ་མི་ཊར་༡༥ ལམ་ལེགས་ཤོམ་མེད་ནི་དེ་གིས་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
དེ་གི་ནང་དོན་ཉིད་ལས་ཡང་ ལོ་ན་རྒས་མི་ཚུ་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ ལོ་ན་རྒས་མི་ཚུ་གིས་ ལས་རིམ་དེ་ནང་ བཅའ་མར་གཏོགས་ནི་ལུ་ ཧེ་མ་ལས་ མནོ་བསམ་ལེགས་ཤོམ་བཏང་དགོ་པས་ཟེར་ཨིནམ་ད་ ལོ་མཐོ་ས་ལས་ཕར་ རྒྱུག་ནི་དེ་ རྐངམ་ན་དོ་ཡོད་པའི་གུ་ རྐངམ་གི་སྒྱིད་ཐག་རྩ་ཚུ་ ཕོ་སྒྲིལ་རྐྱབ་འགྱོ་དོ་ཡོདཔ་ལས་ ལཱ་ཁག་འདུག་ཟེར་ཨིནམ་ད་ སྤྱིར་བཏང་ང་རའི་མནོ་བསམ་ལས་འབད་བ་ཅིན་ བང་རྒྱུག་དེ་ དུས་ཡུན་ཆུ་ཚོད་༣ གི་ནང་འཁོད་ལུ་ མཇུག་བསྡུ་ནིའི་རེ་བ་སྡོད་ཅི་ཟེར་ཨིན་རུང་ མནོ་དོ་བཟུམ་སྦེ་ འབད་མ་ཚུགས་ཟེར་ཨིན་པས།
ཚེ་དབང་གིས་ སྤྱི་ལོ་༢༠༠༢ ལུ་ མགར་ས་ལུ་ལྷོད་པའི་མནོ་བསམ་ལོག་བཏང་སྟེ་འབདཝ་ད་ དེ་བསྒང་ འཁོར་ལམ་ཚུ་མེད་པའི་ཁར་ ད་རེས་ནངས་པར་ འཁོར་ལམ་བསལ་ཡོད་ནི་དེ་གིས་ མཐའ་འཁོར་གནས་སྟངས་ཚུ་ བསྒྱུར་བཅོས་སོང་ཡོདཔ་ད་ འཁོར་ལམ་ལུ་བརྟེན་ དུམ་གྲ་ཅིག་ མ་འདྲཝ་སོང་ནུག་ཟེར་ཨིན་པས།
ལ་ཡ་བང་རྒྱུག་གིས་ ཁོ་ལུ་ཉམས་མྱོང་ཐོབ་མི་དེ་ཡང་ གཙང་ཆུ་བརྒལ་ནི་དང་ ནགས་ཚལ་ དེ་ལས་ ཁཝ་ཆགས་སའི་ གངས་རི་ཚུ་ནང་ལས་ཕར་ འགྱོ་དགོཔ་མ་ཚད་ ཆ་རོགས་དགའ་ཏོག་ཏོ་ཚུ་ཕྱད་དེ སེམས་དགའ་ཡི་ཟེར་ཨིན་པས།
ཚེ་དབང་རྟ་མགྲིན་གྱིས་ བཤའ་མིའི་ནང་ ལུས་སྦྱོང་འབད་དགོཔ་དེ་ གལ་ཆེ་བས་ཟེར་ཨིནམ་ད་ ང་བཅས་ར་ རང་བཞིན་གྱི་ས་ཆ་མཛེས་ཏོག་ཏོ་ཚུ་ མཐོང་ནི་འདུག་ཟེར་ཨིནམ་ད་ ཨིན་རུང་ ད་རེས་ནངས་པའི་ ན་གཞོན་ཚུ་ མི་སྡེ་བརྡ་བརྒྱུད་ནང་ སྤྲོ་བ་བསྐྱེད་མི་གིས་ རང་གི་གཟུགས་ཁམས་དང་ སེམས་ཁམས་ལུ་ ཕན་ཐོགས་འབྱུང་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ ལོག་སྟེ་འོང་བའི་སྐབས་ལུ་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་ཡོདཔ་ད་ དེ་གིས་ ན་གཞོན་ཚུ་ལུ་ ཕྱགས་སྙིགས་བཀོག་ནི་ལས་ འཛེམ་ཚུགས་ཏེ་ ལེགས་ཤོམ་མཐོང་ཚུགས་ཟེར་ཨིནམ་ད་ ལམ་ཚུ་ ལེགས་ཤོམ་སྦེ་ཡོདཔ་ལས ང་བཅས་ན་གཞོན་ཚུ་གིས་ཡང་ ཕྱགས་སྙིགས་ཀྱི་སྐོར་ལས་ གོ་རྟོགས་བྱུང་བྱུངམ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མ་ ལ་བཤལ་འགྱོ་སའི་ལམ་བདའ་སྟེ་ ཕྱགས་སྙིགས་ཚུ་ མཐོང་དོ་ཡོད་རུང་ ད་རེས་ནངས་པར་ མར་བབས་སོང་ནུག་ཟེར་ཨིནམ་ད་ ད་རེས་ནངས་པར་ ལ་བཤལ་ལུ་འགྱོ་མི་ ལེ་ཤ་ཡོད་རུང་ ལམ་ཚུ་ཧིང་སངས་ས་སྦེ་ར་ འདུག་ཟེར་ཨིནམ་ད་ ན་གཞོན་ཚུ་གིས་ཡང་ ལམ་བདའ་སྟེ་ ཕྱགས་སྙིགས་ཚུ་ འཐུ་སར་མཐོངམ་ད་ གཞན་དང་མ་འདྲཝ་སྦེ་ར་ སེམས་ལུ་དགའ་བ་བྱུངམ་མས་ཟེར་ ཁོ་གིས་བཤད་ཨིན་པའི་ གནས་ཚུལ།
ཚེ་རིང་དབང་འདུས།

Advertisement