༉ སྤྱི་ལོ་༢༠༢༤ ཟླ་༦ པའི་ཚེས་༡ ལས་ ཟླ་༡༢ པའི་ཚེས་༣༡ ཚུན་གྱི་ ཚོང་མགྲོན་པའི་ཉོགས་བཤད་དང་ ཚོང་ལམ་ལྟ་རྟོག་གི་ ལོ་བསྟར་ཟུང་ཐོན་སྙན་ཞུ་དང་འཁྲིལ་བ་ཅིན་ དོ་འགྲན་དང་ཉོ་སྤྱོད་དབང་འཛིན་གྱིས་ ཁྲིམས་འགལ་ཐོག་ལས་ ཚོང་འབྲེལ་འཐབ་མི་གནད་ལུ་བརྟེན་ ཐོ་ཕོག་མི་ ཚོང་མགྲོན་པ་ཚུ་ལུ་ དངུལ་ཀྲམ་༡,༡༡༧,༨༤༣ ལོག་བྱིན་ཡོདཔ་ཨིན་པས།
དབང་འཛིན་གྱིས་ རྫོང་ཁག་༨ ཀྱི་ ཚོང་པ་༡,༣༠༥ ལྷགཔ་ཅིག་ལུ་ ཚོང་ལམ་ལྟ་རྟོག་ འགོ་འདྲེན་འཐབ་ཡོདཔ་ད་ དབང་འཛིན་ལུ་ ཚོང་མགྲོན་པའི་ཉོགས་བཤད་༧༥ ལྷོད་མིའི་གྲས་ལས་ ངོ་རྐྱང་༥༠ དང་ སྤྱིར་བཏང་༢༥ ཨིན་པས།
མ་དངུལ་གྱི་དཀའ་ངལ་ལུ་བརྟེན་ དབང་འཛིན་གྱིས་ ཚོང་པ་དང་ རྫོང་ཁག་ག་རའི་ནང་ ཡོངས་རྫོགས་སྦེ་ ཞིབ་དཔྱད་འགོ་འདྲན་ འཐབ་མ་ཚུགསཔ་ཨིན་པས།
དབང་འཛིན་ལུ་ ཟླ་རིམ་བཞིན་དུ་ སྤྱིར་སྙོམས་ཉོགས་བཤད་བརྒྱ་ཆ་༡༢.༥ དེ་རེ་ ཐོན་དོ་ཡོདཔ་བཞིན་དུ་ མཐོ་ཤོས་ར་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་དང་ དམའ་ཤོས་ར་ སྤྱི་ཟླ་༡༡ པའི་ནང་ ཐོན་ཡོདཔ་ཨིན་པས།
ཉོགས་བཤད་ཚུ་ཡང་ ཁག་འབག་ལས་བརྒལ་མི་ བརྒྱ་ཆ་༤༡ དང་ སྐྱོན་ཡོད་མི་ཅ་ཆས་ བརྒྱ་ཆ་༢༠ ཐོན་སྐྱེད་ཀྱི་གོང་ཚད་འཛུལ་བཟོ་མི་ བརྒྱ་ཆ་༡༢ དེ་ལས་ ཅ་ཆས་ཚུ་ ལྗིད་ཚད་མ་ཐོན་པར་ ཚོང་འབྲེལ་འཐབ་མི་ བརྒྱ་ཆ་༦ ཡོདཔ་ཨིན་པས།
ཉོགས་བཤད་ཡོངས་བསྡོམས་༥༣ ལྷོད་མི་ལས་ མཐོ་ཤོས་ར་ ཐིམ་ཕུག་ལུ་ བརྒྱ་ཆ་༧༠ དང་ དེ་གི་འོག་ལས་ར་ ཆུ་ཁ་ལས་ བརྒྱ་ཆ་༤ དང་ དེ་ལས་ སྤུ་ན་ཁ་དང་ བསམ་རྩེ་ གསམ་རྩེ་ལས་ ཉོགས་བཤད་ བརྒྱ་ཆ་༣ དེ་རེ་ འོང་ཡོདཔ་ཨིན་པས།
དབང་འཛིན་ལུ་ དུས་ཚོད་དེམ་ཅིག་ནང་ རྫོང་ཁག་༡༡ ལས་ ཉོགས་བཤད་ག་ནི་ཡང་ མ་ལྷོདཔ་ཨིན་པས།
གྲོང་གསེབ་ས་ཁོངས་ཚུ་ནང་ ཉོ་སྤྱོད་པའི་ ཐོབ་དབང་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་གནས་ཚད་ དམའ་ཤོས་ཡོད་མི་གིས་ ཉོགས་བཤད་ཉུང་སུ་ཅིག་ལས་བརྒལ་ མ་ལྷོད་པས་ཟེར་ དབང་འཛིན་གྱིས་ བཀོད་ཡོདཔ་ཨིན་པས།
ཨིན་རུང་ ལས་སྡེ་གིས་ མི་རློབས་ཆུང་ཀུ་དང་ ཚོང་འབྲེལ་གྱི་ལཱ་ཚུ་ ཚད་འཛིན་འབད་མི་གིས་ ཁྱད་པར་ཆགས་ཡོདཔ་ཨིན་མས།
གནད་དོན་སེལ་ཐབས་ལུ་ དབང་འཛིན་གྱིས་ ཐབས་ལམ་ལེ་ཤ་ཐོག་ལས་ངོ་རྐྱང་དང་ རྒྱལ་ཡོངས་བརྡ་བརྒྱུད་ དེ་ལས་ མི་སྡེ་བརྒྱུད་བརྩིས་ཏེ་ ཚོང་མགྲོན་པ་ཚུ་ལུ་ གོ་བ་བརྡ་སྤྲོད་ཚུ་ འབད་དོ་ཡོདཔ་ཨིན་པས།
བསྐྱར་ཞིབ་འབད་བའི་སྐབས་ དབང་འཛིན་གྱིས་ བཟའ་ཆས་༤༠༡ དང་ ཤིང་འབྲས་༣༩༧ ཚོད་བསྲེ་ འབྲུ་སྣ་གུའི་རིགས་ ཉ་སྐམ་སིལ་ཚོང་པ་ བཟའ་ཁང་༢༣༤ ནོ་ལམ་ཚོང་ཁང་དང་རྩི་ས་ལས་སྡེ་༥༥ ཤ་ཁང་༤༥ སྣུམ་འཁོར་བཅོ་ཁང་༣༨ བརྩིས་ཏེ་ ལས་སྡེ་མང་རབས་ཅིག་ནང་ ཞིབ་དཔྱད་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་མ་ཚད་ ས་སྣུམ་བཀྲམ་སྤེལ་ལྟེ་བ་༢༩ དང་ སྲ་ཆས་ཐོན་སྐྱེད་སིལ་ཚོང་པ་༢༡ ཁབ་ཟས་བཟོ་ཁང་༡༢ གོ་ལ་ཚེམ་བཟོ་༦ ལག་བཟོ་ཐོན་སྐྱེད་སིལ་ཚོང་ཁང་ དེ་ལས་ སོན་འཕྲུལ་ཆས་ཚོང་པ་དང་ བཟོ་བཟོ་སའི་༢ ཚུ་ཡང་ དབྱེ་ཞིབ་འབད་འབད་ཡོདཔ་ཨིན་པས།
སྒེར་གྱི་སྣུམ་འཁོར་འཆང་མི་དང་ བཟོ་སྐྲུན་ལས་སྣ་ཚུ་ ཡར་འཕར་སོང་མི་དང་འབྲེལ་ དབང་འཛིན་གྱིས་ ས་སྣུམ་བཀྲམ་སྤེལ་ལྟེ་བ་དང་ སྲ་ཆས་མཛོད་ཁང་ དེ་ལས་ ཞབས་ཏོག་ཚུ་གི་ སྤུས་ཚད་ངེས་བརྟན་ལུ་ རྩི་ས་བཀྲམ་སྤེལ་བ་ཚུ་ལུ་ གཙོ་རིམ་བཟུང་སྟེ་ ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༢ པ་ལས་༦ པའི་ ནང་འཁོད་ལུ་ དབང་འཛིན་གྱིས་ དངུལ་ཀྲམ་༡༥༥,༩༣༥ བསྐྱར་རྙེད་འབད་མི་ལས་ ཁྲིམས་འགལ་ཐོག་ལས་ ཚོང་འབྲེལ་འཐབ་མི་ལས་ ཉེས་བྱད་སྦེ་ དངུལ་ཀྲམ་༡,༠༢༧,༢༠༠ བསྡུ་ལེན་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement