༉ འཕྲལ་ཁམས་ཅིག་ཁར་ དོ་འགྲན་དང་ཉོ་སྤྱོད་དབང་འཛིན་གྱིས་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་ཚུ་གི་ སོར་འཐེབ་ཅ་ཆས་ཚུ་ལུ་ རྒྱུན་བརྟན་དང་ ཡུན་ཐུབ་གནད་དོན་ཐོག་ལུ་ ཚ་གྱང་ཡོད་ལུགས་ཚུ་གི་སྐོར་ལས་ སྙན་ཞུ་འབད་ནུག།
དེ་ཡང་ སྤུས་ཚད་དང་འབྲེལ་བའི་ གནས་ཚད་ནང་ གདོང་ལེན་དང་ དཀའ་ངལ་ཡོད་མི་ལུ་བརྟེན་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ སོ་ནམ་འཕྲུལ་ཆས་དང་ སྦྱོང་བརྡར་ལྟེ་བ་གིས་ དམིགས་བསལ་གྱི་ སོར་འཐེབ་ཅ་ཆས་ ཐོང་ལྕགས་དང་ བསྒྱིར་རྣོས་ཚུ་ལུ་ གནས་ཚད་ཅིག་ བཟོ་སྟེ་ཡོད་རུང་ དེ་དང་འཁྲིལ་ཏེ་ དང་ལེན་མ་འབད་བར་ ཡོདཔ་ཨིན་པས།
སོ་ནམ་འཕྲུལ་ཆས་དང་ སྦྱོང་བརྡར་ལྟེ་བ་གིས་ གནས་ཚད་ཚང་མི་ སོར་འཐེབ་འཕྲུལ་ཆས་ཚུ་ལུ་ འཕྲལ་གྱི་ལག་ཁྱེར་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
པ་ཝར་ཊི་ལར་གྱི་ ཆ་ཤས་ཀྱི་ ནུས་ཤུགས་བརྟག་དཔྱད་ཀྱི་ གོ་སྐབས་དང་ བསྐྱར་འབྱུང་ཚུ་ རྒྱ་སྐྱེད་འབད་དགོཔ་སྦེ་ གསལ་བཀོད་འབད་དེ་ ཡོད་མི་དེ་ཡང་ དེ་འཕྲོ་ལས་ བསྟར་སྤྱོད་འབད་ནི་དེ་ འོས་འབད་མི་ལུ་བརྟེན་ཨིན་ཟེར་ སྙན་ཞུ་ནང་ བཀོད་དེ་ཡོདཔ་ཨིན་པས།
དྭངས་གསལ་ཡར་དྲག་གཏང་ནི་དང་ ཅ་ཆས་ཉོ་མི་ཚུ་གིས་ ཤེས་རྟོགས་ཡོད་པའི་ཐོག་ལས་ གྲོས་ཐག་བཅད་ནི་ལུ་ ཕན་ཐོགས་འབྱུང་ནིའི་དོན་ལུ་ སྤུས་ཚད་དང་ ཡང་ཅིན་ འོས་འགྲིག་གི་ ལག་ཁྱེར་ཚུ་ བྱིན་དགོཔ་སྦེ་ དབང་འཛིན་གྱིས་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
བརྟག་ཞིབ་དེ་ལུ་བརྟེན་ དབང་འཛིན་གྱིས་ འབྲུག་གི་ པ་ཝར་ཊི་ལར་གྱི་ སོར་འཐེབ་ཅ་ཆས་ཚུ་ བཀྲམ་སྤེལ་ལམ་ལུགས་ཀྱི་རྒྱུན་བརྟན་དང་ འཇོན་ཐངས་དབྱེ་ཞིབ་འབད་ནི་དང་ ཁྱད་པར་ཞུགས་མི་ཚུ་ ངོས་འཛིན་འབད་ནི་ དེ་ལས་ འཇོན་ཐངས་དང་ ཡུན་བརྟན་ཡར་དྲག་གཏང་ནི་གི་ ཐབས་ལམ་ཚུ་གི་ གྲོས་འཆར་ཚུ་ བཀོད་དགོཔ་སྦེ་ དབང་འཛིན་གྱིས་ བཀོད་དེ་ཡོདཔ་ཨིན་པས།
དབང་འཛིན་གྱིས་ ཚོང་མགྲོན་པ་ཚུ་ལུ་ སྤུས་ཚད་དང་ འཕྲུལ་ཆས་དང་ སོར་འཐེབ་ཅ་ཆས་ཀྱི་ གོང་ཚད་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཡར་སེང་འབད་བ་ཅིན་ ཅ་ཆས་བཀྲམ་སྤེལ་བར་ཚུ་ལུ་ སྤུས་ཚད་ལྡན་པའི་ ཅ་ཆས་ཚུ་ བཀྲམ་སྤེལ་འབད་ནི་ལུ་ སེམས་ཤུགས་འཐོབ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཚོང་འབྲེལ་པ་ཚུ་ལུ་ སེམས་ཤུགས་མཐུན་རྐྱེན་ཐོབ་སྟེ་ དོ་འགྲན་འབད་ཚུགས་ནི་ཨིན་པའི་ཁར་ ཚོང་ལམ་སྦོམ་ཚུ་ལས་ ཅ་ཆས་ཚུ་ བཀྲམ་སྤེལ་འབད་ཚུགས་ནི་ཨིན་པས།
གནད་དོན་གལ་ཅན་གཅིགཔོ་དེ་ གྲོང་གསེབ་ཀྱི་ སོ་ནམ་མི་སྡེ་ མང་ཤོས་ཅིག་ར་ ཐོར་འཐེབ་ཅ་ཆས་ བཀྲམ་སྤེལ་འབད་མི་ཚུ་ལས་ སོ་སོ་སྦེ་ཡོདཔ་ལས་ ཅ་ཆས་ཚུ་ དུས་ཚོད་ཁར་ མ་ཐོབ་པའི་ཁར་ གོང་ཚད་ཡང་ མངམ་གནས་དོ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལ་བ་ཅིན་ ཅ་ཆས་བཀྲམ་སྤེལ་པ་ བརྒྱ་ཆ་༣༠ གིས་ ཅ་ཆས་བཀྲམ་སྤེལ་འབད་ནི་ལུ་ བདུན་ཕྲག་༢ ལས་ལྷག་སྟེ་ འགོར་དོ་ཡོད་མི་གིས་ སོ་ནམ་པ་ཚུ་ལུ་ དུས་ཚོད་ཡུན་འགྱངས་དང་ ལག་ལེན་ཟད་འགྲོ་ཚུ་ ཡར་འཕར་འགྱོ་དོ་ཡོདཔ་ཨིན་པས།
ཅ་ཆས་བཀྲམ་སྤེལ་པ་ ཕྱེད་ཀ་དེ་ཅིག་གིས་ ཅ་ཆས་ཡུན་འགྱངས་སྦེ་ སྐྱེལ་སྤྲོད་འབད་མི་ལུ་བརྟེན་ སོ་ནམ་པ་ཚུ་ལུ་ རྒུད་འཐུས་ཚུ་ བྱིན་དགོཔ་ཨིན་པས།
ཅ་ཆས་བསགས་ཏེ་ མ་བཞག་མི་ བཀྲམ་སྤེལ་བར་ཚུ་གིས་ ཚོང་མགྲོན་པ་ཚུ་ལས་ ཞུ་བ་འབད་མི་ཐོག་ལུ་ ཅ་ཆས་བཀྲམ་སྤེལ་འབད་བའི་སྐབས་ སོ་ནམ་པ་ཚུ་གིས་ སྔོན་བྱིན་བརྒྱ་ཆ་༢༠ བྱིན་དགོཔ་ཨིན་པས།
དེ་ཚུ་གི་གྲས་ལས་ བཀྲམ་སྤེལ་བ་ བརྒྱ་ཆ་༥༠ གིས་ ཅ་ཆས་གོང་ཚད་ཡོངས་བསྡོམས་ལས་ བརྒྱ་ཆ་༢༡-༢༠ སྔོན་བྱིན་འབད་དགོཔ་སྦེ་ སླབ་དོ་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༥༠ གིས་ སྔོན་བྱིན་བརྒྱ་ཆ་༥༡ ལས་༡༠༠ བར་ན་ སླབ་དོ་ཡོདཔ་ཨིན་པས།
སོར་འཐེབ་ཅ་ཆས་ཚུ་ནང་ དེ་བཟུམ་མའི་ སྔོན་བྱིན་བྱིན་དགོཔ་ ཐོན་མི་ལུ་བརྟེན་ དམིགས་བསལ་དུ་ ཏི་རུ་དང་འབྲེལ་བའི་ དཀའ་ངལ་བྱུང་མི་ཚུ་ལུ་ དགོས་མཁོ་ཅན་གྱི་ ཅ་ཆས་ཚུ་འཐོབ་པར་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས།
གཞུང་གིས་ མཐའ་ཟུར་ཚུ་ནང་ སོ་ནམ་འཕྲུལ་ཆས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ སོ་ནམ་འཕྲུལ་ཆས་ལས་འཛིན་དེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
སྙན་ཞུ་ནང་ བཀོད་མིའི་ནང་ ཅ་ཆས་བཀྲམ་སྤེལ་གྱི་ ཞབས་ཏོག་ཡར་དྲག་གཏང་ནི་ལུ་ གཞུང་གིས་ གྲོང་གསེབ་ཚུ་ནང་ ཡན་ལག་ཚོང་ཁང་ གཞི་བཙུགས་འབད་ནི་དོན་ལས་ དང་འདོད་ཡོད་མི་ཚུ་ལུ་ ཁྲལ་ ཡང་ཅིན་ སྐྱིན་འགྲུལ་དང་འབྲེལ་བའི་ སེམས་ཤུགས་མཐུན་རྐྱེན་ཚུ་ བྱིན་དགོཔ་འདུག་ཟེར་ དབང་འཛིན་གྱི་ སྙན་ཞུ་ནང་བཀོད་ནུག།
སྙན་ཞུ་ནང་ འཕྲུལ་ཆས་དང་ སོར་འཐེབ་ཅ་ཆས་ཚུ་ ཐོབ་སྤྱོད་དང་ ཐོབ་ཚུགས་ དེ་ལས་ རྒྱུན་བརྟན་ ཡར་དྲག་གཏང་ནི་ལུ་ མི་མང་དང་ སྒེར་སྡེ་༢ ཆ་རའི་ འགན་ཁུར་ཚུ་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ བར་འཛུལ་འབད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
དེ་ཡང་ སྒེར་སྡེ་ཚུ་གིས་ འཕྲུལ་ཆས་དང་ ཅ་ཆས་ཚུ་ མཁོ་འདོད་ཉུང་སུ་ཡོད་སའི་ ས་ཁོངས་ཚུ་ནང་ མ་རྩ་གཞི་བཙུགས་འབད་ནི་ལུ་ དོགས་པ་ཆགས་མི་ལུ་བརྟེན་ཨིན་པས།
དབང་འཛིན་གྱིས་ ཐིམ་ཕུག་དང་ སྤ་རོ་ དེ་ལས་ སོ་ནམ་འཕྲུལ་ཆས་བརྩིས་ཏེ་ དབང་ཆ་ཡོད་པའི་ པ་ཝར་ཊི་ལར་ བཀྲམ་སྤེལ་འབད་མི་༡༤ ཡོད་པའི་གྲས་ལས་༡༠ ལུ་ ཞིབ་འཇུག་ཅིག་ འབད་ཡོདཔ་ཨིན་པས།
ཞིབ་འཇུག་ནང་ བཀྲམ་སྤེལ་འབད་མི་ཚུ་ནང་ དཀའང་ངལ་ཡོདཔ་སྦེ་ མངོན་གསལ་བྱུང་ཡོད་མི་ལས་ བརྒྱ་ཆ་༥༧ གྱིས་ རྒྱལ་ཁབ་ནང་ ཡན་ལག་ཚོང་ཁང་མེད་པར་ ཅ་ཆས་ཚུ་ བཀྲམ་སྤེལ་འབད་དེ་ཡོདཔ་བཞིན་དུ་ བཀྲམ་སྤེལ་བ་༡ རྐྱངམ་གཅིག་ལུ་ ཡན་ལག་ཡིག་ཚང་༡༠ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement