༉ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ བློན་ཆེན་གྱི་གོ་གནས་ལུ་ ལོ་༥ ཕྱག་ཞུ་བའི་ཁར་ ཁོ་ར་ སྲིད་དོན་ནང་བཅའ་མར་གཏོགས་ཏེ་ ལོ་༡༡ ལང་པའི་ཤུལ་ལུ་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཁ་ཙ་ ཚོགས་པ་གིས་ དགོངས་ཞུའི་གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༤ ཟླ་༡༢ པའི་ཚེས་༡༧ ལུ་ དགོངས་ཞུ་ཡི་གུ་ བཙུགས་ཡོདཔ་ཨིན་པས།
ཁོ་ར་ དགོངས་ཞུ་འབད་དགོ་པའི་གནད་དོན་དེ་ཡང་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་ སྤྱི་འཛིན་སྦེ་ བསྐོ་བཞག་གནང་པའི་ཤུལ་ལུ་ འགན་ཁུར་ཐེབས་ འབག་དགོ་མི་ལུ་བརྟེན་ཨིན་པས།
དགོངས་ཞུ་ཡི་གུའི་ནང་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འབྲུག་འདི་ གཞན་དང་མ་འདྲ་བའི་ ཡར་ཐོན་ཅན་གྱི་ གནས་སྟངས་ནང་ཡོདཔ་མ་ཚད་ ཇི་ཨེམ་སི་ལས་འགུལ་གྱིས་ འགྱུར་བ་གསརཔ་ འབག་འོང་མི་ལུ་བརྟེན་ཨིན་པས།
ཁོ་གིས་ མི་དབང་མཆོག་གི་འོག་ལུ་ ད་རེས་ནངས་པར་ ཕྱག་ཞུ་དགོཔ་ ག་ཅི་ར་འཐོན་དོ་ཡོདཔ་ཨིན་ན་ འདི་ལས་ལྷག་པའི་ དགོས་མཁོ་གཞན་མེད་ཟེར་ཨིནམ་ད་ གཞན་དང་མ་འདྲ་བའི་ལས་འགུལ་ལུ་ གུས་ཞབས་བསྐྱེད་དེ་ ཕྱག་ཞུ་ནི་དང་ ག་ར་གིས་གྲོགས་རམ་འབད་མི་དེ་ལུ་ སྤྲོ་སྣང་བྱུང་ཡོདཔ་མ་ཚད་ མཐར་འཁྱོལ་འབྱུང་ནིའི་དོན་ལུ་ ལཱ་ཚུ་གཅིག་སྒྲིལ་ཐོག་ལས་ འབད་དགོ་ཟེར་ཨིན་པས།
ཁོ་རའི་ རེ་འདོད་སྦོམ་ཤོས་དེ་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་མནོ་བསམ་ཨིནམ་ད་ དེ་ཡང་ གཞུང་གི་འགོ་ཁྲིད་འབད་དེ་ འབྲུག་མཉམ་རུབ་ཚོགས་པ་ནང་ ལཱ་འབད་བའི་སྐབས་ལུ་ ལཱ་འབད་དགོཔ་ཡོད་མི་ཚུ་ ག་ར་འབད་ཚུགས་ཅི་ཟེར་ཨིནམ་ད་ དེ་ཡང་ འཛམ་གླིང་ནང་ མནོ་བསམ་གཏང་མ་ཚུགས་པའི་ ནད་ཡམས་དང་ཁ་ཐུག་རྐྱབ་སྟེ་ གཞུང་སྐྱོང་དེ་ ནད་ཡམས་ཀོ་བིཌ་༡༩ གིས་ སྟབས་མ་བདེ་ཁག་ཁ་བཟོ་ཡོདཔ་ལས་ ཉམས་མྱོང་ཡང་མ་འདྲཝ་སྦེ་ར་ ཐོབ་ཅི་ཟེར་ཨིནམ་ད་ ད་ལས་ཕར་ ངེ་གི་ མི་ཚེ་དེ་ བརྩི་མཐོང་ཅན་གྱི་གནས་སྟངས་ནང་ ལམ་སྟོན་འབད་འོང་ཟེར་ཨིན་པས།
ག་དེ་འབད་ཨིན་རུང་ ང་ར་ ལྕོགས་གྲུབ་ཡོད་པའི་ནམ་དུས་ལུ་ འཕྲོ་མཐུད་དེ་ར་ མི་དབང་མངའ་ཞབས་མཆོག་དང་ རྒྱལ་ཁབ་ དེ་ལས་ མི་སེར་གྱི་ཕྱག་ཞབས་ཏོག་ཞུ་ནི་ཨིན་ཟེར་ དྲགོས་ཌག་ཊར་བློ་གྲོས་ཚེ་རིང་གིས་ བཤདཔ་ཨིན་པས།
འབྲུག་ལུ་ དམངས་གཙོའི་རིང་ལུགས་ཀྱི་ལོ་རྒྱུས་དེ་ འགྱུར་ལྡོག་ཅན་ཅིག་འབདཝ་ལས་ འབྲུག་མཉམ་རུབ་ཚོགས་པ་གིས་ ཡུན་རིངམོ་སྦེ་ར་ ལཱ་འབད་དགོཔ་ཡོད་མི་དེ་ཡང་ སྲིད་དོན་ཚོགས་པ་རྐྱངམ་གཅིག་ལུ་ དམིགས་ཏེ་མེན་པར་ རྒྱལ་ཁབ་ཀྱི་འཆར་སྣང་ཚུ་ འགྲུབ་ཐབས་འབད་དགོཔ་ཡོད་ཟེར་ཨིན་པས།
སྤྱི་འཛིན་དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ ཇི་ཨེམ་སི་གི་ཐབས་བྱུས་ཚུ་ ལག་ལེན་འཐབ་སྟེ་ ལཱ་འབད་ནི་དང་ འབྲུག་པའི་བརྩི་མཐོང་དང་ མི་དབང་མཆོག་གི་ དགོངས་འཆར་འགྲུབ་ཐབས་འབད་ནི་ཨིནམ་བཞིན་དུ་ ཁོ་གིས་ ནང་འཁོད་ཀྱི་ལག་ལེན་ཚུ་བལྟ་ནི་དང་ སྲིད་དོན་འཛིན་སྐྱོང་དང་ གཞི་རྟེན་མཁོ་ཆས་ དེ་ལས་ ས་གནས་ཀྱི་བཀོད་ཁྱབ་ཀྱི་དོན་ལུ་ བཀོད་ཁྱབ་གཙོ་འཛིན་མཱུན་ལི་ཡོང་ལིའུ་དང་གཅིག་ཁར་ཡང་ ལཱ་འབད་ནི་ཨིན་པས།
ཁོ་གི་འགན་ཁུར་དེ་ ས་གནས་ཀྱི་དགོས་མཁོ་ཚུ་ རྒྱལ་སྤྱིའི་གནས་ཚད་དང་ ཆ་སྙོམས་བཟོ་ནི་དེ་ཨིནམ་ད་ ཡུན་བརྟན་གོང་འཕེལ་དོན་ལུ་ དེང་སང་གི་ ཁྲོམ་བཟོ་ནི་ཨིན་པའི་ཁར་ གཙོ་རིམ་ཅན་གྱི་ ནང་འཁོད་དབང་འཛིན་གྱིས་ ཡུན་བརྟན་རྩོལ་སྒྲུབ་ལུ་ ཤུགས་བཏོན་ཐོག་ལས་ བཀོད་ཚོགས་མདོ་ཆེན་ལུ་ ཐད་ཀར་དུ་སྙན་ཞུ་འབད་ནི་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ཚོངས་པ་ནང་སྡོད་པའི་རིང་ ལཱ་ཚུ་མཐར་འཁྱོལ་བྱུང་མི་ལུ་ དཔའ་ཉམས་ཡོད་ཟེར་ཨིནམ་ད་ ད་ལས་ཕར་ ཚོགས་པ་དེ་ གཙོ་འཛིན་མེད་མི་དང་ གཙོ་འཛིན་གྱི་ལམ་སྟོན་ཚུ་ལུ་ དྲན་སྣང་བསྐྱེད་འོང་ཟེར་ཨིནམ་བཞིན་དུ་ ང་བཅས་ཀྱིས་ མཉམ་རུབ་ཐོག་ལས་ འབྲུག་གི་དམངས་གཙོའི་ནང་ མཐར་འཁྱོལ་བྱུང་ཚུགས་མི་ལུ་ སེམས་དགའ་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ དུས་དང་དུས་སུ་ རྒྱབ་སྐྱོར་ཚུ་འབད་དེ་ར་ སྡོད་འོང་ཟེར་ཨིན་པས།
ང་བཅས་ཀྱི་སྐབས་ལུ་ གཙོ་འཛིན་གྱི་ དབུ་ཁྲིད་དྲག་ཤོས་ཅིག་སྦེ་ སྡོད་ཅི་ཟེར་ཨིནམ་ད་ ང་བཅས་ སྲིད་ཚོགས་ནང་མེད་དེ་འབད་རུང་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ རྒྱལཔོ་དང་ རྒྱལ་ཁབ་ དེ་ལས་ མི་སེར་ལུ་ འཕྲོ་མཐུད་ཞབས་ཏོག་ཞུ་མི་གིས་ སྲིད་ཚོགས་ཀྱི་བྱ་རིམ་ཚུ་ ཧེང་སྐལ་ར་ ལེགས་ཤོམ་འགྱོ་འོང་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ལོ་༡༡ གི་རིང་ ཕྱག་ཞུ་བའི་ཤུལ་ལུ་ ཞི་གཡོག་ནང་ལས་ དགོངས་ཞུ་འབདཝ་ད་ སྦྱོང་བརྡར་གྱི་འཐུས་དངུལ་ཀྲམ་ས་ཡ་༦.༢ ལོག་བཏབ་ཞིནམ་ལས་ སྤྱི་ལོ་༢༠༡༣ ལུ་ སྲིད་དོན་ནང་བཅའ་མར་གཏོགས་ཏེ་ ཁོ་གིས་ སྤྱི་ལོ་༢༠༡༨ ལས་༢༠༢༣ ཚུན་ལུ་ གཙོ་འཛིན་སྦེ་ ཕྱག་ཞུ་བའི་ཁར་ སྲིད་ཚོགས་གསུམ་པའི་ བློན་ཆེན་སྦེ་ཡང་ ཞབས་ཏོག་ཞུ་ཡོདཔ་ཨིན་པས།
ཌོག་ཊར་བློ་གྲོས་ཚེ་རིང་དེ་ སྤྱི་ལོ་༢༠༢༠ གི་ ལྕང་གླིང་མི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་བའི་སྐབས་སུ་ རྒྱལ་ཁབ་ནང་ ལུང་དམར་ཐོབ་མི་༢ པ་ཨིནམ་ད་ དེ་ཡང་ ཁོ་ར་གིས་ རྩ་འགེངས་ཏེ་ རྒྱལ་ཁབ་ལུ་ ནད་ཡམས་ཀྱི་སྐབས་ ཕྱག་ཞབས་ཏོག་ཞུ་བའི་ ངོས་འཛིན་ལུ་ཨིན་པས།
ད་རུང་ སྤྱི་ལོ་༢༠༡༧ ལུ་ ཁོ་གིས་ གསོ་བའི་སྨན་རིགས་ནང་ ལྷན་གྲོགས་འབད་བའི་ངོས་འཛིན་ལུ་ རྒྱལ་ཡོངས་དུས་ཆེན་སྐབས་ འབྲུག་ཐུགས་སྲས་ཀྱི་ རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པས།
སྨད་ཝང་རྒེད་འོག་ དར་ལུང་ཁ་གཡུས་ཚན་ནང་སྦེ་ སྤྱི་ལོ་༡༩༦༩ ལུ་སྐྱེས་མི་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་དེ་ སྤྱི་ལོ་༡༩༩༡ ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ ཕ་དར་ཝི་ལི་ཡམ་ མེག་ཀི་གི་ གསེར་གྱི་རྟགས་མ་ཡང་ ཤེས་ཡོན་དྲག་ཤོས་ཐོན་མི་ལུ་བརྟེན་ ཐོབ་ཡོདཔ་ད་ དར་ལ་བླམ་སྐུ་ཕྲེང་༡༤ པའི་ཕྱག་ལས་ བྱམས་སྙིང་ཅན་གྱི་ རྟགས་མ་ཚུ་ཡང་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement