༉ ཁ་ཙ་ དྲགོས་ཚེ་རིང་དབང་དྲག་གཤགས་མི་གི་ མེ་སྦྱང་དེ་ གསར་སྤང་ བསམ་གཏན་གླིང་རྒེད་འོག་ ཁོ་ར་སྡོད་སའི་ཉེ་འདབས་ བསམ་གཏན་ཐང་ལུ་ འབད་ཡོདཔ་ཨིན་པས།
མེ་སྦྱང་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་གྱི་སྤྱི་འཛིན་ དྲགོས་ཌོག་ཊར་ བློ་གྲོས་ཚེ་རིང་ དེ་ལས་ རྒྱལ་པོའི་གཟིམ་དཔོན་ ཨོ་རྒྱན་ཀེ་རྣམ་རྒྱལ་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ དྲགོས་གཤགས་མི་གི་ བཟའ་ཚང་ལུ་ སེམས་གསོ་འབད་ཡོདཔ་ཨིན་པས།
ཚེ་འདས་དྲགོས་ཀྱིས་ ཞི་གཡོག་ལས་ དགོངས་ཞུ་འབད་རུང་ མི་དབང་མངའ་བདག་རིན་པོ་ཆེ་དང་ རྒྱལ་ཁབ་ལུ་ ཞབས་ཏོག་ཚུ་ གང་དྲག་ཞུ་ཡོདཔ་བཞིན་དུ་ མང་ཤོས་ཅིག་གིས་ དྲགོས་ལུ་ གུས་ཞབས་དང་ བརྩི་བཀུར་འབད་དོ་ ཡོདཔ་ཨིན་པས།
དྲགོས་ཀྱིས་ འབྲུག་ནང་འཁོད་དང་ རྒྱ་གར་གྱི་ས་མཚམས་ཕྱི་ཁ་༢ ཆ་རའི་ནང་ མཛའ་བཤེས་མཐུན་འབྲེལ་ སྒྲིང་སྒྲི་བཞག་མི་ཅིག་འབདཝ་ལས་ མི་ཚུ་གིས་ ཨ་པ་བཟུམ་ཅིག་སྦེ་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
དེ་མ་ཚད་ ཚེ་འདས་དྲགོས་ཚེ་རིང་དབང་དྲག་དེ་ འབྲུག་དང་ རྒྱ་གར་གྱི་བར་ན་ མཛའ་བཤེས་མཐུན་འབྲེལ་བཟོ་མི་ དྲགོས་ཅིག་ཨིན་པའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ ལག་ལེན་འཐབ་མི་ཚུ་གིས་ བཀོད་དེ་ཡོདཔ་ཨིན་པས།
མེ་སྦྱང་སྐབས་ དྲག་པོའི་བསྟན་སྲུང་དམག་མི་ཚུ་གིས་ སྟི་སྭ་ཞུ་བའི་སྐབས་ མེ་སྦྱང་ནང་ གྲལ་གཏོགས་འབད་ཚུ་གིས་ གུས་བཏུད་ཚུལ་ལུ་ ཁུ་སིམ་སི་སྦེ་སྡོད་ཡོདཔ་ད་ མེ་སྦྱང་གི་གསུང་ཆོག་དེ་ཡང་ ཡོན་ཏན་སློབ་དཔོན་བགྲེསཔ་ སྤྲུལ་སྐུ་རྣམ་རྒྱལ་གྱིས་ འབད་ཡོདཔ་ཨིན་པས།
དྲགོས་ཀྱི་ མེ་སྦྱང་འབདཝ་ད་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་དང་ ཁྲི་འཛིན་འོགམ་ དྲགོས་སྐལ་བཟང་དབང་འདུས་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་ ཕྱི་འབྲེལ་བློན་པོ་ ཌི་ཨེན་དུང་གེལ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ ལུང་བསྟན་རྡོ་རྗེ་ དེ་ལས་ སྤྱི་ཚོགས་ཀྱི་འཐུས་མི་དང་ དྲག་ཁག་གསུམ་གྱི་ དམག་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ སུ་དཱ་ཀར་ ཌ་ལི་ལ་དང་ ཕུན་ཚོགས་གླིང་ལུ་ རྒྱ་གར་གྱི་དོན་གཅོདཔ་དང་ སྤྱི་ཚོགས་ཀྱི་འཐུས་མི་ འཐུས་ཚབ་ རྒྱ་གར་ཨ་སམ་མངའ་སྡེ་གཞུང་གི་ བློན་པོ་བགྲེསཔ་ལ་སོགས་པ་ཚུ་གིས་ ཚེ་འདས་དྲགོས་ཀྱི་ མེ་སྦྱང་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༧༢ ལང་མི་ དྲགོས་ཚེ་རིང་དབང་དྲག་དེ་ སྤྱི་ཟླ་༡༢ པའི་ཚེས་༡༥ གི་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ གཤགས་ཡོདཔ་ཨིན་པས།
དྲགོས་ཁོ་ར་ མི་མང་ལུ་ཞབས་ཏོག་ཞུ་ནི་དང་ མི་སྡེ་གོང་འཕེལ་ དེ་ལས་ རྒྱ་འབྲུག་༢ ཀྱི་བར་ན་ མཛའ་བཤེས་མཐུན་འབྲེལ་ སྒྲིང་སྒྲི་བཟོ་ནི་ལུ་ གཙོ་བོར་བཏོན་མི་ཅིག་ཨིན་པས།
ཚེ་འདས་དྲགོས་ཚེ་རིང་དབང་དྲག་དེ་ སྤྱི་ཟླ་༡༢ པའི་ཚེས་༡༤ གི་ ཕྱི་རུའི་ཆུ་ཚོད་༩.༡༣ དེ་ཅིག་ཁར་ གླངམོ་ཆེའི་རྐངམ་གིས་ བསྣད་བཏང་པའི་ཤུལ་ སྨན་ཁང་ནང་བསྐྱལ་ཡོདཔ་ད་ རྐྱེན་ངན་དེ་ཡང་ དྲགོས་སྡོད་ས་ལས་ མི་ཊར་༧༠ གི་ས་གནས་ཁར་ བྱུང་ཡོདཔ་ཨིན་པས།
དེ་ཚེ་ དྲགོས་དང་ ཁོ་རའི་སྡེ་ཚན་ཅིག་ ཐིམ་ཕུག་ལུ་ ཨ་སམ་མངའ་སྡེའི་ འཐུས་ཚབ་དང་གཅིག་ཁར་ ཞལ་འཛོམས་ནང་ གྲལ་གཏོགས་འབད་བའི་ཤུལ་ལས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ནང་ བཅའ་མར་གཏོགས་ནིའི་ ལས་རིམ་སྡོད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ རྒྱ་འབྲུག་མཛའ་བཤེས་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཟླ་བ་དཔལ་འབྱོར་གྱིས་ སླབ་མིའི་ནང་ དྲགོས་ཚེ་རིང་དབང་དྲག་དེ་ ཤེས་ཡོན་ཅན་དང་ ཡང་དག་པའི་ལམ་སྟོན་པ་ཅིག་ཨིནམ་ད་ འདས་པའི་ལོ་༡ གི་རིང་ དྲགོས་དང་གཅིག་ཁར་ ལཱ་འབད་ཡོདཔ་བཞིན་དུ་ དྲགོས་ཁོ་ར་ མི་དབང་མཆོག་དང་ རྒྱལ་ཁབ་ དེ་ལས་ མི་སེར་ལུ་ ཞབས་ཏོག་ཞུ་ནི་ལུ་ ཐ་དམ་ཚིག་བཏོན་མི་ཅིག་ཨིན་པས།
དྲགོས་ཀྱི་ལཱ་ཤུལ་དེ་ འབྲུག་དང་ རྒྱ་གར་གྱི་བར་ན་ མཛའ་བཤེས་མཐུན་འབྲེལ་ སྒྲིང་སྒྲི་བཟོ་ཡོདཔ་བཞིན་དུ་ ཁེ་ཕན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ ཟླ་བ་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
ཞི་གཡོགཔ་སྦེ་ ལོ་༤༥ གི་རིང་ ཕྱག་ཞུ་བའི་ཤུལ་ལས་ དྲགོས་ཀྱིས་ ལོག་གཡུས་ཁར་འོང་སྟེ་ བསམ་གཏན་གླིང་ལུ་ ས་ཆ་ཨེ་ཀར་༢༥ ནང་ ས་ཏ་ར་གསོ་སྐྱོང་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་ད་ གསོ་སྐྱོང་ཁང་ནང་ ཕྱགསམ་དང་ རྡོག་མ་ཤིང་ ཨ་ལཱན་ཅི་ ཤིང་ ས་སྒ་ རེད་བརྩིས་ཏེ་ ལོ་ཐོག་མ་འདྲཝ་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།
བསམ་གཏན་གླིང་གི་ སོ་ནམ་པ་དང་ ཁྱིམ་ཚང་ཚུ་གིས་ དྲགོས་ཚེ་རིང་དབང་དྲག་དེ་ མིག་དཔེ་ཅན་གྱི་ འགོ་ཁྲིདཔ་ཅིག་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ད་ བསམ་གཏན་གླིང་ཚོགས་པ་ ཚེ་དབང་དཔལ་སྒྲོན་གྱིས་ དྲགོས་དེ་ སོ་ནམ་གྱི་ གྲོས་སྟོན་པ་ དྲགོས་ཅིག་སྦེ་ ངོས་ལེན་འབད་དོ་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ དྲགོས་ཀྱིས་ གཡུས་སྒོ་ཚུ་ནང་ བཤལ་འོང་སྟེ་ ས་ཆ་ཚུ་ བཟའ་སྤྱོད་འབད་དེ་ ཤིང་འབྲས་ཚུ་བཙུགས་ཐོག་ལས་ རང་ལྡང་བཟོ་ནི་ལུ་ སེམས་ཤུགས་བྱིན་དོ་ཡོདཔ་བཞིན་དུ་ དྲགོས་དེ་ གུས་ཞབས་ཅན་གྱི་ མི་ངོམ་ཅིག་ཨིན་པའི་ཁར་ ཁོ་རའི་བསླབ་བྱ་དེ་གིས་ སོ་ནམ་པ་ མང་ཤོས་ཅིག་ལུ་ ཁེ་ཕན་བྱུང་སྟེ་ཡོད་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
ཚེ་རིང་དཔལ་སྒྲོན་གྱིས་ སླབ་མིའི་ནང་ དྲགོས་ཀྱིས་ མི་སེར་ཚུ་ལུ་ བྱམས་བརྩེ་འབད་མི་དང་ མི་སྡེ་ལུ་ ཁས་ལེན་འབད་མི་དེ་ ནམ་ཡང་བརྗེད་མི་ཚུགས་ནི་དང་ ཐད་ཀར་དང་ ཐད་ཀར་མིན་པའི་ཐོག་ལས་ མི་སྡེ་གོང་འཕེལ་གཏང་ནི་ལུ་ ཕན་འདེབས་འབད་མི་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
ཚེ་འདས་དྲགོས་དང་ ལེགས་ཤོམ་སྦེ་འབྲེལ་བ་འཐབ་སྟེ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ དྲགོས་ཀྱིས་ སྐྱེས་ལོ་༢༥ ལང་པའི་སྐབས་ ཞི་གཡོག་ནང་ འཛུལ་ཞུགས་འབད་ནི་དང་ སྐྱེས་ལོ་༣༠ ལངམ་ད་ གཉེན་རྐྱབ་དགོ་པའི་ཁར་ སྐྱེས་ལོ་༣༥ ལང་པའི་སྐབས་ རང་རྐྱང་གི་ཁྱིམ་ཅིག་ འཐོབ་ཚུགས་འབད་དགོཔ་ད་ དེ་ལས་ སྐྱེས་ལོ་༤༥ ལངམ་ད་ ལཱ་གཡོག་ལས་ དགོངས་ཞུ་འབད་ནིའི་ འཆར་གཞི་བརྩམས་དགོཔ་མ་ཚད་ སྐྱེས་ལོ་༦༠ ལངམ་ད་ བཟའ་ཚང་དང་གཅིག་ཁར་ བག་ཕེབས་ཐོག་ དལ་ཉམས་ངང་ལུ་ མི་ཚེ་སྐྱོང་ནིའི་ བསླབ་བྱ་བཟང་པོ་ཚུ་ བྱིན་ནི་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ ཞི་གཡོག་ལས་ དགོངས་ཞུ་འབད་བའི་ཤུལ་ དྲགོས་ཀྱིས་ ད་རུང་ སྤྱི་ལོ་༢༠༢༣ ལུ་ དགེ་ལེགས་ཕུག་གི་ རྒྱ་འབྲུག་མཛའ་བཤེས་མཐུན་ཚོགས་ཀྱི་ གཙོ་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
ཧེ་མ་ཁོ་ར་ དོན་གཅོདཔ་འབད་བའི་སྐབས་ རྒྱ་གར་ས་མཚམས་ཀྱི་ མཛའ་བཤེས་མཐུན་ལམ་ སྒྲིང་སྒྲི་བཟོ་ཡོདཔ་ཨིན་པས།
དཱད་ག་རི་ལས་ སྐྱེས་ལོ་༥༩ ལང་མི་ ཀི་ཤཱན་ ཨེན་ར་ཇ་རེ་དེ་ ཚེ་འདས་དྲགོས་ཀྱི་ ཆ་རོགས་འཆམ་ཤོས་ཅིག་ཨིནམ་ལས་ དྲགོས་ཀྱི་ མེ་སྦྱང་ནང་ ས་མཚམས་ཕྱི་ཁའི་ རྒྱ་གར་གི་མི་ངོམ་ཚུ་དང་ ཁོ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཐུང་ཆུ་གི་ དཀའ་ངལ་བྱུང་པའི་སྐབས་ ཚེ་འདས་དྲགོས་ཀྱིས་ ཆུ་བཀྲམ་སྤེལ་འབད་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ ང་བཅས་ལུ་ རྒྱབ་སྐྱོར་འབད་ནི་ལུ་ འགན་འཁྲི་འབག་མི་ཅིག་ཨིནམ་ལས་ ད་རེས་ དྲགོས་གཤགས་མི་ལུ་ བློ་འགྱོད་སྦོམ་ཡོད་ཟེར་ཨིན་པས།
ཚེ་འདས་དྲགོས་ཚེ་རིང་དབང་དྲག་གིས་ ཞི་གཡོག་ནང་ སྤྱི་ལོ་༡༩༦༩ ལུ་ འཛུལ་ཞུགས་འབད་དེ་ ཁག་ཆེ་བའི་ གོ་གནས་མང་རབས་ཅིག་ ལེན་ཡོདཔ་ད་ སྤྱི་ལོ་༡༩༨༠ ལུ་ རྫོང་བདག་གཞོན་ཤོས་ཅིག་སྦེ་ གོ་གནས་ཐོབ་སྟེ་ ཧཱ་ལུ་ བསྒྱུར་བཅོས་སྦོམ་སྦེ་ར་ འབག་འོང་ཡོདཔ་བཞིན་དུ་ ད་རེས་ ཧཱ་གི་མི་སེར་ཚུ་གིས་ དྲགོས་དེ་ དྲིན་ཅན་གྱི་ཕམ་ཅིག་སྦེ་ སེམས་ཁར་དྲན་དོ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཚེ་འདས་དྲགོས་ཀྱིས་ བཀའ་ཁྲིམས་བཀོད་འཛིན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་དང་ སྤྱི་ལོ་༢༠༠༨ ཟླ་༡༡ ལས་ སྤྱི་ལོ་༢༠༡༣ ཟླ་༦ པ་ཚུན་ རྒྱ་གར་ ཀཱོལ་ཀ་ཏ་ལུ་ འབྲུག་པའི་ དོན་གཅོདཔ་དང་པ་སྦེ་ ཕྱག་ཞུ་ནུག།
དེ་བསྒང་ ཚེ་འདས་དྲགོས་ཀྱིས་ ཀཱོལ་ཀ་ཏ་དེ་ ཕྱི་འབྲེལ་ཡིག་ཚང་༢༦ དེ་ཅིག་འབདཝ་ལས་ དོན་གཅོདཔ་ཡིག་ཚང་ གཞི་བཙུགས་འབད་ནི་གི་ འགན་ཁུར་ཚུ་ འབག་ཡོདཔ་ཨིན་པས།
དྲགོས་གཤགས་པའི་ཤུལ་ལས་ རྒྱལ་ཁབ་ནང་འཁོད་དང་ རྒྱ་གར་གྱི་ས་གནས་ ཨ་སམ་ལས་ གུས་བཏུད་འབད་ཡོདཔ་ད་ མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་དང་ མི་མང་གྲོས་གནས་ཚུ་ནང་ དྲགོས་ཀྱི་མི་ཚེ་དང་ མི་སྡེ་ དེ་ལས་ རྒྱལ་ཁབ་ལུ་ ཕན་ཐོགས་བྱུང་ཡོད་པའི་སྐོར་ལས་ ལོ་རྒྱུས་ཚུ་ སྣ་ཚོགས་སྦེ་ བརྗེ་སོར་འབད་ཡོདཔ་ཨིན་པས།
ཚེ་འདས་དྲགོས་ ཚེ་རིང་དབང་དྲག་དེ་ ཡོངས་གྲགས་ཅན་གྱི་ ཞབས་ཁྲ་འཐེན་མི་ཅིག་ཡང་ཨིནམ་ད་ དྲགོས་ཀྱིས་ ཨ་ཞེ་སྐུ་གཟུགས་རྩྭ་རི་སྨྱུག་མ་དང་ རྒྱ་ལམ་གྱི་ཨ་ཞེ་ དབའེ་ཟླཝ་རོགས་བཟངམོ་ ཡར་ལྷའི་ཞིང་ཁམས་ དེ་ལས་ བསྟན་སྐྱོང་ལྷའི་དབང་པོ་ཚུ་བརྩིས་ཏེ་ ཞབས་ཁྲ་ལེ་ཤ་ཅིག་ར་ སྒྲ་བཟུང་སྟེ་ཡོདཔ་བཞིན་དུ་ དེ་བསྒང་ ཞབས་ཁྲ་དེ་ཚུ་ ཡོངས་གྲགས་ཐལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དྲགོས་ཀྱིས་ རྒྱ་གར་གྱི་ ཧིན་དཱི་ཞབས་ཁྲ་ཚུ་ཡང་ འཐེན་ནི་ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༥ ལུ་ དཔོན་གཉིས་སྐལ་མའི་ འབུ་རས་དམརཔོ་དང་ དཔའ་རྟགས་ཐོབ་ཡོད་པའི་ཁར་ སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ནང་ ཕྱག་ཕྱིད་གང་དྲག་ཞུ་བའི་ ངོས་འཛིན་ལུ་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པས།
ཚེ་འདས་དྲགོས་དེ་ གཞལམ་སྒང་ སྟག་མ་ལས་ཨིནམ་ད་ ཁོ་ལུ་ ཨམ་སྲུ་བརྩིས་ཏེ་ བུམོ་༢ དང་ བུ་༣ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement