༉ ཁ་ཙ་ སྤ་རོ་ སྤང་སྦིས་ས་ དུང་དཀར་རྫོང་ནང་སྦེ་ འབྲུག་གསར་བཏོད་གྲོས་འཛོམས་འཚོགས་པའི་སྐབས་ གཏེར་དེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་(ཇི་ཨེམ་སི་)ཀྱི་དོན་ལུ་ ཏི་རུ་གསརཔ་སྦེ་ གཞུང་འབྲེལ་ཐོག་ལས་ གསལ་བསྒྲགས་འབད་ཡི།
ཇི་ཨེམ་སི་གི་ དངུལ་རྩིས་འཛིན་སྐྱོང་མདོ་ཆེན་ ཧོ་བེང་ལིམ་དང་འཁྲིལ་བ་ཅིན་ དྭངས་གསལ་དང་ དོན་སྨིན་ཅན་ དེ་ལས་ ཕན་ནུས་ཅན་གྱི་ ངེས་བརྟན་དོན་ལུ་ བོ་ལོག་ཅེན་འཕྲུལ་རིག་དང་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཏི་རུ་དེ་ གསེར་ཀྲམ་སྦེ་ འོང་ནི་ཨིནམ་བཞིན་དུ་ ཏི་རུའི་གཞི་རྟེན་དེ་ ཕྱིའི་རྒྱུ་དངོས་སྦེ་ འོང་ཟེར་ཨིན་པས།
ཇེ་ཨེམ་སི་གིས་ མ་འོངས་མི་རབས་ཀྱི་ དངུལ་འབྲེལ་ལམ་ལུགས་ཅིག་ བཟོ་ནི་དང་ དེ་གིས་ རང་ལུགས་དངུལ་འབྲེལ་དང་ ཌི་ཇི་ཊཱལ་རྒྱུ་དངོས་གཅིག་སྒྲིལ་ཚུ་ གཞི་བཀོད་ལས་ལྷགཔ་སྦེ་ འོང་ནིའི་དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
དངུལ་རྩིས་འཛིན་སྐྱོང་མདོ་ཆེན་གྱིས་ དེང་སང་དངུལ་འབྲེལ་ནང་ འཕྲུལ་རིག་དེ་ གལ་ཅན་ཅིག་ཨིནམ་ད་ དེ་གིས་ ཏི་རུ་སྒྲིག་ལུགས་ཚུ་ ཡར་དྲག་གཏང་ཚུགས་ནི་ཨིནམ་བཞིན་དུ་ ཏི་རུ་པར་སྐྲུན་འབད་ནིའི་སྐོར་ལས་མེན་པར་ སྒྲིག་ལུགས་ཐོག་ལས་ འཛིན་སྐྱོང་འཐབ་ནི་དེ་ཨིན་ཟེར་ཨིན་པས།
ཚོང་འབྲེལ་སྒྲིག་གཞི་ཐད་ལུ་ ཇེ་ཨེམ་སི་དེ་ ཉེན་སྲུང་དང་ དེ་དང་མཐུན་པའི་ ཚོང་འབྲེལ་ལུ་ གཙོ་བོར་བཏོན་ནིའི་དོན་ལུ་ བཟོ་སྟེ་ཡོདཔ་ཨིན་པས།
ཧོ་བེང་ལིམ་གྱིས་ སླབ་མིའི་ནང་ ཁྲོམ་ཚོགས་ཀྱི་ དམིགས་ཡུལ་དེ་ དྲག་ཤེས་ཅན་དང་ གཙང་སྦྲ་དང་ལྡནམ་ དེ་ལས་ གསར་བཏོད་ཅན་གྱི་ ཚོང་འབྲེལ་བཟོ་ནི་ཨིནམ་ད་ དེ་ཡང་ འབྲུག་དང་ ཇི་ཨེམ་སི་༢ ཆ་རའི་ རེ་འདོད་དང་ རིམ་སྒྲིག་འབད་ནི་ཨིན་པས།
གཙོ་རིམ་དེ་ སྒྲིག་དང་དམ་དམ་སྦེ་ གནས་ཚུགས་པའི་ ལས་སྡེ་ཚུ་དང་ བཟུང་ནི་ཨིན་པས།
དངུལ་འབྲེལ་དེ་ ཁྲོམ་ཚོགས་གོང་འཕེལ་གཏང་ནི་གི་ འཕྲུལ་ཨམ་བཟུམ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ད་ ཇི་ཨེམ་སི་གི་ དམིགས་ཡུལ་དེ་ ལས་སྡེ་སྣ་ཚོགས་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ དངུལ་འབྲེལ་ལམ་ལུགས་ སྒྲིང་སྒྲི་བཟོ་ནི་དེ་ཨིན་པས།
ལམ་ལུགས་དེ་ འཛམ་གླིང་ནང་ ལག་ལེན་དྲག་ཤོས་འབད་མི་དང་འཁྲིལ་ཏེ་ འོང་ནི་ཨིན་པའི་ཁར་ ཁྲིམས་ཆ་ཚང་གཞི་བཀོད་ཅིག་གི་ རྒྱབ་སྐྱོར་ཐོག་ འོང་ནི་ཨིན་པས།
མདོ་ཆེན་གྱིས་ བཀོད་མིའི་ནང་ ཇི་ཨེམ་སི་གི་ དངུལ་འབྲེལ་བཅའ་ཡིག་ནང་ ཀ་ཆེན་གསུམ་ཡོད་མི་ཚུ་ཡང་ དྭངས་གསལ་དང་ གསར་བཏོད་ དེ་ལས་ ཚོང་མགྲོན་པ་ལུ་དང་པ་ཚུ་ཨིན་པས།
ཀ་ཆེན་དང་པའི་ནང་ ཁྲིམས་ཀྱི་གཞི་བཀོད་དེ་ དྭངས་གསལ་ཐོག་ མི་ཚུ་གིས་ འཇམ་ཏོང་ཏོ་སྦེ་ ཧ་གོ་ཚུགས་སྦེ་ འོང་དགོཔ་བཞིན་དུ་ ང་བཅས་ཀྱི་ དངུལ་འབྲེལ་གྱི་ཁྲིམས་དེ་ ཕྲང་ཏང་ཏ་དང་ མི་ག་ར་གིས་ ཐོབ་སྤྱོད་འབད་ཚུགསཔ་སྦེ་ བཟོ་འོང་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
ཀ་ཆེན་༢ པའི་ནང་ གསར་བཏོད་ཐད་ལུ་ ཇི་ཨེམ་སི་གིས་ གྲོས་བསྟུན་ཐབས་ལམ་དང་ འཛམ་གླིང་གི་མཁས་མཆོག་དང་ འབྲེལ་ཡོད་ལས་སྡེ་ཚུ་ དྲན་བརྡ་འབད་དེ་ ཁྲིམས་ཀྱི་ལམ་ལུགས་ཚུ་ སྒྲིང་སྒྲི་དང་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནི་ཨིན་པས།
ཀ་ཆེན་༣ པའི་ནང་ ཇི་ཨེམ་སི་གིས་ ཚོང་མགྲོན་པ་ཚུ་ལུ་ ཞབས་ཏོག་དང་ རྒྱབ་སྐྱོར་ལེགས་ཤོམ་བྱིན་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
འབྲུག་དེ་ ཌི་ཇི་ཊཱལ་རྒྱུ་དངོས་ལུ་ གོམས་ཤེས་ཚུད་དེ་ཡོདཔ་ལས་ ཇི་ཨེམ་སི་གི་ འཆར་གཞི་དེ་ རང་ལུགས་དངལ་འབྲེལ་དེ་ གལ་ཅན་གྱི་ལས་སྡེ་ ཀི་རིབ་ཊོ་དངུལ་དང་ འབྲེལ་ལམ་བཟོ་ནི་ཨིན་པས།
དེ་ལས་ ཇི་ཨེམ་སི་གི་དམིགས་ཡུལ་དེ་ རྒྱལ་སྤྱི་དངུལ་འབྲེལ་ལྟེ་བ་བཟོ་ནི་ཨིནམ་ད་ དེ་ཡང་ རྒྱུ་དངོས་དང་ དངུལ་འབྲེལ་འཛིན་སྐྱོང་ ཌི་ཇི་ཊཱལ་འཕྲུལ་རིག་ དེ་ལས་ ཌི་ཇི་ཊཱལ་རྒྱུ་དངོས་འཛིན་སྐྱོང་ཐབས་བྱུས་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
མདོ་ཆེན་དང་འཁྲིལ་བ་ཅིན་ ཇི་ཨེམ་སི་གི་ དམིགས་ཡུལ་གཙོ་བོ་ར་ གསར་བཏོད་དང་ ཁྱད་འཕགས་ལྟེ་བ་ཅིག་སྦཻ་ བཟོ་ནི་ཨིནམ་བཞིན་དུ་ རང་ལུགས་དངུལ་འབྲེལ་གྱི་ནུས་པ་ཚུ་ ཌི་ཇི་ཊཱལ་རྒྱུ་དངོས་གི་ གོ་སྐབས་དང་ མཉམ་སྦྱོར་འབད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement