༉ རུལ་བཏུབ་པའི་ ཕྱགས་སྙིགས་ཚུ་དང་འབྲེལ་བའི་གདོང་ལེན་ འཕྲོ་མཐུད་བྱུང་མི་དེ་ལུ་ ཐིམ་ཕུག་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ མཐའ་འཁོར་གནས་སྟངས་ལུ་ ཕན་ཐོགས་པའི་ གོ་སྐབས་ཅིག་ ཐོབ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༢༢ ལུ་ སློབ་ཕྲུག་ཚུ་གིས་ རུལ་བཏུབ་པའི་ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ སློབ་གྲྭ་ནང་བསགས་བཞག་ཞིནམ་ལས་ ལྡུམ་ར་ནང་བླུག་ནིའི་དོན་ལུ་ མལ་ལུད་བཟོ་ཡོདཔ་ད་ འདི་བཟུམ་གྱི་ གསར་བཏོད་ཅན་གྱི་ཐོན་སྐྱེད་དེ་གིས་ བཞེས་སྒོ་ནང་ལས་ཐོན་པའི་ཕྱགས་སྙིགས་ཚུ་ བཅུད་ལྡན་གྱི་ མེ་ཏོག་གསོ་སྐྱོང་འཐབ་ས་དང་ ཚོད་བསྲེ་ལྡུམ་ར་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ ད་རེས་ནངས་པར་ ཚོང་འབྲེལ་ལེགས་ཤོམ་ཅིག་ལུ་ འགྱུར་མི་དེ་ཡང་ ཁོང་གི་ཕྱགས་སྙིགས་ཚུ་ སྤྱི་ཟླ་༡༠ པའི་ཚེས་༢༨ དང་༢༩ ལུ་ འབྲུག་ཚོང་རིག་དགའ་སྟོན་ནང་ བཙོང་ཡོདཔ་ཨིན་པས།
འཐུས་མི་༦ འབད་མི་ སྡེ་ཚན་དེ་གིས་ འབད་བརྩོན་བསྐྱེད་དེ་ ལཱ་འབད་བའི་ཤུལ་ལུ་ ད་རེས་ མཉམ་འབྲེལ་གྱི་ གོ་སྐབས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
སློབ་རིམ་༡༢ པའི་ སློབ་ཕྲུག་པདྨ་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ་དང་ ཁོ་གི་ འཐུས་མི་སྡེ་ཚན་གྱི་ དམིགས་གཏད་དེ་ དཀའ་ངལ་ཡོད་མི་ཚུ་ ནང་འཁོད་ལུ་ར་ བསལ་ཚུགསཔ་འབད་ནི་ཨིནམ་ད་ འདས་པའི་ལོ་གཉིས་ཀྱི་རིང་ ཁོང་གིས་ སློབ་གྲྭ་ནང་ལས་ ཐོན་དོ་ཡོད་པའི་ གདོང་ལེན་ཅན་གྱི་གནད་དོན་ཚུ་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
ཐབ་ཚང་ནང་ལས་ཐོན་པའི་ ཕྱགས་སྙིགས་བསྡུ་ལེན་འབད་མི་ཚུ་ ཕྱེ་འཐག་ནིའི་འཕྲུལ་ཆས་ནང་ བཙུགས་ཐོག་ལས་ དུས་ཡུན་སྐར་མ་༤༠ འི་ནང་འཁོད་ ཕྱགས་སྙིགས་ཀེ་ཇི་༥ ཕྱེ་འཐག་ཚུགས་དོ་ཡོདཔ་ད་ བདུན་ཕྲག་གཅིག་གཉིས་དེ་ཅིག་ རུལ་བཅུག་སྟེ་ བཞག་པའི་ཤུལ་ལུ་ དགོས་མཁོ་དང་འཁྲིལ་ཏེ་ སློབ་གྲྭ་ནང་ ལག་ལེན་འཐབ་དོ་ཟེར་ པདྨ་གིས་བཤདཔ་ཨིན་པས
སྡེ་ཚན་གྱིས་ མལ་ལུད་དེ་ སྒམ་༧༠ དེ་ཅིག་བཙོང་ཡོདཔ་ད་ དེ་ཡང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ རེ་སྦེ་ ཁོང་གི་ལས་འགུལ་དང་པའི་སྐབས་ལུ་ འབྲུག་ཚོང་རིག་དགའ་སྟོན་ནང་ བཙོང་ཡོདཔ་ཨིན་པས།
ཡུ་ནི་སེཕ་དང་ འབྲུག་གསར་བཏོད་ཀྱི་རྒྱབ་སྐྱོར་ཐོག་ལས་ ཡུན་བརྟན་ཐབས་ཤེས་དེ་ ཚོང་འབྲེལ་ཅིག་ལུ་གྱུར་ཡོདཔ་ད་ དེ་ཡང་ བསླབ་སྟོན་ཚུ་ ཐོབ་མི་ལུ་བརྟེན་ཨིནམ་ལས་ དེ་གིས་ ཁེ་ཕན་ཚུ་འདུག་ཟེར་ པདྨ་གིས་བཤདཔ་ཨིན་པས།
ལས་རིམ་དེ་ དུས་རྒྱུན་ཐོག་ལུ་བཞག་ནི་དེ་ དོ་འགྲན་ཅན་ཅིག་ཨིནམ་ད་ ལས་འགུལ་དེ་ གཞུང་གྱི་རྒྱབ་སྐྱོར་ཐོག་ལས་ སྒྲིང་སྒྲི་བཟོ་དགོཔ་འདུག་ཟེར་ཨིན་པས།
གཞན་དང་གཞན་ཡང་ གཞུང་གིས་ སློབ་ཕྲུག་གིས་ འགོ་ཁྲིད་འབད་བའི་ཚོང་འབྲེལ་ནང་ གཞི་རྟེན་གྱི་མ་དངུལ་རྒྱབ་སྐྱོར་ འབད་དགོཔ་འདུག་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་གིས་ ཐབས་བྱུས་ཚུ་བཏོན་ཏེ་འབད་རུང་ འདི་ལུ་མ་དངུལ་གྱི་ གྲོགས་རམ་མིན་འདུག་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ནང་ རྒྱལ་ཡོངས་གསར་བཏོན་གདོང་ལེན་ཟེར་མི་དེ་ ཐིམ་ཕུག་ལུ་འགོ་འདྲེན་འཐབ་མིའི་ནང་ འབྲུག་ནང་འཁོད་ལས་ གསར་བཏོད་ལས་རིམ་གྱི་དོན་ལུ་ ལས་འགུལ་ཐབས་བྱུས་༡༤ ཡོདཔ་ད་ ཐབས་བྱུས་དེ་ཡང་ བཞེས་སྒོའི་ཕྱགས་སྙིགས་འབྲེལ་བའི་ གནད་དོན་ཁག་མ་འདྲཝ་ བཟོ་བཅོས་འབད་ནི་ཚུ་ཨིན་ཟེར་ཨིན་པས།
ཤུལ་མའི་ཟླཝ་ནང་ལས་ སྡེ་ཚན་༥ གིས་ ཐབས་བྱུས་༡༤ ཡོད་མི་ཚུ་ལས་ གདམ་འཐུ་འབད་དེ་ ཐབས་བྱུས་དྲག་ཤོས་༢ ལུ་ དངུལ་ཀྲམ་༡༠༠,༠༠༠ རེ་ བྱིན་ནི་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།