༉ རྒྱལ་ཁབ་ཀྱི་ ན་གཞོན་ལཱ་གཡོག་མེད་པའི་ཚད་གཞི་དེ་ དུས་ཅི་གི་ལོའི་ བཞི་དཔྱ་༢ པའི་ནང་འཁོད་ལུ་ བརྒྱ་ཆ་༡༩.༢ ཡོད་མི་དེ་ བཞི་དཔྱ་༣ པའི་ནང་ བརྒྱ་ཆ་༡༦.༥ ལུ་ མར་བབས་སོང་ཡོདཔ་སྦེ་ཨིན་པས།
འདི་བཟུམ་གྱི་ ཚོད་དཔག་དེ་ཡང་ ལཱ་གཡོག་ལས་མིའི་ ཞིབ་དཔྱད་སྙན་ཞུ་ལུ་ གཞི་བཞག་སྟེ་ཨིནམ་ད་ བཞི་དཔྱ་༣ པ་དེ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱིས་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ གསལ་སྟོན་འབད་བའི་ཁར་ ཞིབ་དཔྱད་དེ་ སྤྱི་ལོ་༢༠༢༤ ཟླ་༨ པའི་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ན་གཞོན་སྐྱེས་ལོ་༡༥ ལས་༢༤ གི་བར་ན་འབད་མི་ ལཱ་གཡོག་མེད་མི་༦,༨༨༥ ཡོདཔ་ད་ ཁོང་གི་གྲས་ལས་ ཕོ་སྐྱེས་བརྒྱ་ཆ་༣༨.༤ ཡོངས་བསྡོམས་མི་གྲངས་༢,༦༤༥ ཡོདཔ་ད་ ཨམ་སྲུ་བརྒྱ་ཆ་༦༡.༦ ཡོངས་བསྡོམས་མི་གྲངས་༤,༢༤༠ ཡོདཔ་ལས་ ལཱ་གཡོག་མེད་པའི་ ན་གཞོན་ཕོ་སྐྱེས་དང་ཕྱདཔ་ད་ ཨམ་སྲུ་མང་སུ་ཡོདཔ་སྦེ་ཨིན་པས།
ན་གཞོན་ལཱ་གཡོག་མེད་མི་ མང་ཤོས་ར་ ཁྲོམ་ཁར་ཡོདཔ་ད་ དེ་ཡང་ ཁྲོམ་སྡེ་ལུང་ཕྱོགས་ནང་བརྒྱ་ཆ་༥༢.༨ ཡོད་པའི་ཁར་ གྲོང་གསེབ་ནང་འབད་བ་ཅིན་ བརྒྱ་ཆ་༤༧.༢ ཡོདཔ་སྦེ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཡོངས་ནང་ ན་གཞོན་ལཱ་གཡོག་མེད་པའི་ཚད་གཞི་དེ་ བཞི་དཔྱ་གསུམ་པའི་ནང་ བརྒྱ་ཆ་༣.༡ ལུ་ ལྷོད་ཡོདཔ་ད་ དེ་ཡང་ བཞི་དཔྱ་གཉིས་པའི་སྐབས་སུ་ བརྒྱ་ཆ་༣.༧ དང་ཕྱདཔ་ད་ མར་བབས་སོང་ཡོདཔ་སྦེ་ ཨིན་པའི་ཁར་ བཞི་དཔྱ་དང་པའི་ནང་ བརྒྱ་ཆ་༤.༡ སྦེ་ཡོདཔ་ཨིན་པས།
དེ་ཡང་ སྤྱིར་བཏང་འོས་འབབ་ལྡན་པའི་ངོ་རྐྱང་༣༩༡,༡༡༣ ཡོད་མི་ལས་༡༢,༠༩༠ དེ་ ལཱ་གཡོག་མེད་མི་ཨིན་རུང་ ལཱ་ལོ་ཅིག་ ལཱ་གཡོག་འཚོལ་མི་དང་ ལ་ལོ་ཅིག་ ལཱ་གཡོག་ཐོབ་སྟེ་ཡོད་མི་ཚུ་ཡང་ ཚུད་དེ་ཡོདཔ་ཨིན་པས།
རྫོང་ཁག་ལྟར་དུ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ ལཱ་གཡོག་མེད་པའི་ཚད་གཞི་ མཐོ་ཤོས་བརྒྱ་ཆ་༥.༦ དང་ དེ་གི་འོག་ལས་ར་ ཐིམ་ཕུག་ལུ་ བརྒྱ་ཆ་༤.༢ ཡོདཔ་ད་ ཁྲོམ་སྡེ་ནང་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ ལཱ་གཡོག་མེད་མི་མཐོ་ཤོས་སྦེ་ བརྒྱ་ཆ་༡༠.༣ དང་ ཉུང་ཤོས་ར་ དགེ་ལེགས་ཕུག་ཁྲོམ་སྡེ་ནང་ བརྒྱ་ཆ་༥ སྦེ་ ཡོད་མི་ཚུ་ཨིན་པས།
གྲངས་རྩིས་དང་འཁྲིལ་ཏེ་འབདཝ་ད་ ཐིམ་ཕུག་ཁྲོམ་སྡེ་ནང་ མཐོ་ཤོས་༣,༣༨༩ དང་ དེ་གི་འོག་ལས་ར་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་༡༣༩༦ ཡོད་མི་དེ་ཨིན་པས།
ཤེས་ཡོན་ཐོབ་མིའི་ཚད་གཞི་དང་བསྟུན་ ལཱ་གཡོག་མེད་པའི་ཚད་གཞི་འབད་བ་ཅིན་ འབྲིང་རིམ་སློམ་གྲྭ་གོང་མ་མཐར་འཁྱོལ་མི་ མི་གྲངས་༥,༦༤༦ དང་ དེ་གི་འོག་ལས་ར་ མཐོ་རིམ་མཐར་འཁྱོལ་མི་ མི་གྲངས་༢,༢༤༦ ཡོད་པའི་ཁར་ འབྲིང་རིམ་སློབ་གྲྭ་བར་མ་ མཐར་འཁྱོལ་མི་དེ་༡,༧༧༨ ཡོདཔ་སྦེ་ཨིན་པས།
སྙན་ཞུ་ལྟར་དུ་འབད་བ་ཅིན་ རྒྱལ་ཁབ་ཀྱི་ལཱ་འབད་མིའི་མི་རློབས་དེ་ སྐྱེས་ལོ་༡༥ ཡན་ཆད་རྩིསཝ་ད་ ཡོངས་བསྡོམས་ལུ་ མི་གྲངས་༦༠༠,༤༡༢ ཡོདཔ་ད་ དེ་ཁར་ ཕོ་སྐྱེས་༣༡༤,༥༨༦ དང་ ཨམ་སྲུ་མི་གྲངས་༢༨༥,༨༢༦ ཡོདཔ་ཨིན་པས།
ལཱ་གཡོག་གི་ཚད་གཞི་དེ་ བརྒྱ་ཆ་༩༦.༩ སྦེ་ ཡོད་མི་དེ་ཡང་ མི་གྲངས་༣༧༩,༠༢༣ ལཱ་འབད་མི་ཨིནམ་ད་ འདི་ཚུ་གི་གྲས་ལས་ བརྒྱ་ཆ་༦༡.༣ ཕོ་སྐྱེས་དང་ ཨམ་སྲུ་བརྒྱ་ཆ་༣༨.༧ ཡོདཔ་སྦེ་ཨིན་པས།
རྒྱལ་སྤྱི་ལཱ་གཡོག་ལས་ཚོགས་ཀྱི་ གནས་ཚད་དང་འཁྲིལཝ་ད་ གལ་སྲིད་ མི་ངོ་གཅིག་གིས་ བདུན་ཕྲག་ཅིག་ནང་ ཉུང་ཤོས་དུས་ཡུན་ཆུ་ཚོད་༡ ལཱ་འབད་བ་ཅིན་ དེ་ཚུ་ལཱ་གཡོག་ཡོད་པའི་གྲངས་སུ་ ཚུད་དོ་ཡོདཔ་སྦེ་ཨིན་པས།
འདི་བཟུམ་གྱི་དབྱེ་ཞིབ་དེ་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ འབད་ཡོདཔ་ད་ དེ་གི་དམིགས་ཡུལ་ཡང་ གཙོ་རིམ་ཅན་གྱི་ལཱ་གཡོག་གི་ བརྡ་སྟོན་འབད་ནི་ཨིནམ་ལས་ དེ་ཚུ་ལམ་སྟོན་དང་འཁྲིལ་ཏེ་ འབད་ཡོདཔ་ཨིན་པས།
སྤྱིར་བཏང་ལུ་ རྫོང་ཁག་༢༠ ནང་ལས་ ཁྱིམ་གུང་ཡོངས་བསྡོམས་༣,༠༢༧ དེ་ཅིག་གིས་ དབྱེ་ཞིབ་ལས་རིམ་ནང་ གྲལ་གཏོགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement