༉ གནམ་དགུན་གྱི་དུས་ཚོད་ འགོ་བཙུགས་མི་དང་བསྟུན་ རྒྱལ་ཁབ་ནང་ ནགས་ཚལ་མེ་རྐྱེན་ཤོར་ནིའི་ ཉེན་ཁ་ཡར་སེང་འགྱོ་དོ་ཡོདཔ་ལས་ ག་ར་གིས་ དྲན་པ་བཏོན་དགོཔ་དེ་ གལ་ཆེ་ཤོས་ཅིག་ཨིན་པས།
ནགས་མེ་ཉེན་ཁ་འཛིན་སྐྱོང་དང་ བཀག་ཐབས་དོན་ལུ་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ནགས་མེ་ཨེསི་པོ་ཤར་ཟེར་མི་ གནས་ཐོ་ཅིག་ གསར་བཏོན་འབད་ཡོདཔ་ད་ དེ་ནང་ ཅ་ཆས་ཚུ་ཡང་ ནགས་མེ་འཇིགས་པ་སྔོན་དཔག་དང་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་ཡར་དྲག་གཏང་ནི་ལུ་ འཕྲུལ་སྐར་གནས་སྡུད་དང་ བཅོས་རིག་ཨེ་ཨའི་ཚུ་ ལག་ལེན་འཐབ་སྟེ་ ཡོདཔ་ཨིན་པས།
གཞུང་གི་ལས་སྡེ་དང་ ཁྲིམས་སྲུང་འགག་སྡེ་ དེ་ལས་ བདེ་སྲུང་གིས་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ བལྟ་ཞིནམ་ལས་ དེ་འཕྲོ་ལས་ གདོང་ལེན་འབད་ནི་ལུ་ སྡེ་ཚན་ཚུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
དུས་ཅི་ ད་ལྟོ་ཚུན་ཚོད་ འབྲུག་ལུ་ ནགས་ཚལ་མེ་རྐྱེན་༣༠ དང་ ཁྱིམ་གྱི་མེ་རྐྱེན་༥༨ དེ་ལས་ མེ་རྐྱེན་གཞན་ སྣུམ་འཁོར་དང་ གློག་རྒྱུན་རེག་པ་ ཚལ་མ་མེ་རྐྱེན་གྱི་སྙན་ཞུ་༢༨ ཐོ་བཀོད་འབད་ཡོདཔ་ཨིན་པས།
འབྲུག་ནགས་མེ་ཨེསི་པོ་ཤར་གནས་ཐོ་དེ་ ཇི་འོ་ནི་འོན་གྱིས་ བཟོ་ཡོདཔ་ད་ ཇིའོ་ནི་འོན་དེ་ བཅོས་རིག་གི་ ཇི་འོ་ཨིསི་པེ་ཤལ་ལས་སྡེ་ཅིག་ཨིནམ་ད་ བརྟག་ཞིབ་དང་ ནགས་མེ་ཉེན་འཛིན་སྐྱོང་འབད་ནི་ལུ་ འཕྲུལ་སྐར་པར་རིས་དང་ སྔོན་དཔག་ཐབས་ལམ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
གནས་ཐོ་གིས་ མདུན་སྐྱོད་གནམ་གཤིས་ཉེན་ཁ་དབྱེ་དཔྱད་བྱིན་ཏེ་ འབྲུག་གིས་ ནགས་མེ་གདོང་ལེན་ སྒྲིང་སྒྲི་བཟོ་ནི་ལུ་དམིགས་ཏེ་ བཟོ་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ཇི་འོ་ནི་འོན་ཕན་ཐབས་འབད་མི་ཚུ་གིས་ གཞུང་གི་ལས་ཁུངས་དང་ ལས་སྡེ་ཚུ་ལས་ བཅའ་མར་གཏོགས་མི་༡༡ ལུ་ ཉིན་གྲངས་༢ ཀྱི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
ཇིའོ་ནི་འོན་གི་ འཕྲུལ་རིག་གཙོ་འཛིན་ ཨ་ལེན་ཟན་ཌི་ བཱན་དི་ནི་ མེ་ཌར་གྱིས་ ཅ་ལས་དེ་གིས་ གཞུང་གི་ལས་སྡེ་དང་ ས་གནས་དབང་འཛིན་ དེ་ལས་ མི་སྡེ་ཚུ་ལུ་ ཉེན་སྲུང་ལུ་ གཙོ་རིམ་བཟུང་ནི་དང་ མཐུན་རྐྱེན་ཚུ་བགོ་བཀྲམ་འབད་ནི་ དེ་ལས་ ནགས་མེད་བཀག་ཐབས་དང་ གདོང་ལེན་འབད་ནི་ལུ་ བརྡ་དོན་གྲོས་ཆོད་བཟོ་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
ཅ་ཆས་དེ་གིས་ ནགས་མེ་གནས་སྟངས་ དུས་ཐོག་ལུ་ ཐོབ་ཚུགས་ནི་དང་ འབྲུག་གི་ནང་འཁོད་ལུ་ གནས་སྟངས་སྒྲིང་སྒྲི་བཟོ་ནི་ལུ་ ཁེ་ཕན་འཐོབ་ཚུགས་ནི་ཨིན་པས།
ཅ་ཆས་དེ་ འབྲུག་པའི་ལས་སྡེ་ཚུ་གིས་ རང་དབང་ཐོག་ལས་ ལག་ལེན་འཐབ་ཚུགས་ནི་དང་ གྲུབ་འབྲས་ཚུ་ རང་སོའི་ལམ་ལུགས་ཐོག་ལས་ བརྗེ་སོར་འབད་དེ་ ཡུན་བརྟན་ངེས་བརྟན་བཟོ་ཚུགས་ནི་ཨིན་པས།
གནས་ཐོ་བཟོ་བའི་སྐབས་ ཅ་ཆས་ཚུ་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལུ་ མོ་བཏབ་ཐོག་ལས་ ལོ་༡ དེ་ཅིག་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ད་ བཅའ་མར་གཏོགས་ཅིག་གིས་ སླབ་མིའི་ནང་ ཅ་ཆས་ཀྱིས་ གདོང་ལེན་སྡེ་ཚན་ལུ་ ནགས་མེ་གྲ་སྒྲིག་དང་ གདོང་ལེན་འབད་ནི་ལུ་ སྙན་ཞུ་འབད་ཚུགས་ནི་མས་ཟེར་ཨིན་པས།
དུས་མཐུན་གྱི་ གནས་སྡུད་ཐོབ་མི་གིས་ མཐུན་རྐྱེན་ཚུ་ དོན་སྨིན་ཅན་ཅིག་སྦེ་ བཟོ་བཀྲམ་འབད་ཚུགས་ནི་མ་ཚད་ མི་དང་ རང་བཞིན་ཐོན་སྐྱེད་༢ ཆ་ར་ལུ་ ཉེན་སྐྱོབ་འབད་ཚུགས་ཟེར་ ཨ་ལེན་ཟན་ཌི་ བཱན་དི་ནི་གིས་ བཤདཔ་ཨིན་པས།
bhutan.geoneon.com, ཐོག་ལས་ འབྲུག་གིས་ ནགས་མེ་འཇིགས་པ་ ཡར་འཕར་སོང་མི་དེ་ ལེགས་ཤོམ་སྦེ་ དང་ལེན་འབད་ཚུགས་ནི་ཨིན་པའི་ཁར་ གནམ་གཤིས་འགྱུར་བགྲོད་བཀག་ཐབས་ནི་ཨིནམ་ད་ ལས་འགུལ་དེ་ཡང་ འཛམ་གླིང་དངུལ་ཁང་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཨེ་ཤི་ཡཱན་རྐྱེན་ངན་གྲ་སྒྲིག་ལྟེ་བ་གིས་ འཛིན་སྐྱོང་འབད་ཡོདཔ་མ་ཚད་ ཡུ་ཨེསི་ཌོ་ལར་༢༢༥,༠༠ ཡང་ ཐོབ་ཡོདཔ་ཨིན་པས།
ས་ཆ་བརྒྱ་ཆ་༦༩.༧༡ དེ་ཅིག་ ནགས་ཚལ་གྱིས་ ཁྱབ་སྟེ་ཡོདཔ་ད་ བརྒྱ་ཆ་༢༦ དེ་ སྲུང་སྐྱོབ་ཀྱི་ ས་ཁོངས་ཅིག་སྦེ་ ངོས་འཛིན་འབད་ཡོད་པའི་ཁར་ འབྲུག་ལུ་ སྐྱེ་ལྡན་རིགས་སྣ་ཕྱུག་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ མི་སྡེ་ནང་ ནགས་མེ་ཡར་སེང་འགྱོ་ནི་དེ་ ཉེན་ཁ་ཅན་ཅིག་ ཡོདཔ་ཨིན་པས།
འབྲུག་ལུ་ ནགས་མེ་གི་འཇིགས་པ་དེ་ ཐོན་བཞིན་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ ནགས་མེ་༤༠ བྱུང་མི་གིས་ ས་ཆ་ཧེག་ཊ་རསི་༣,༥༢༤.༧༢ མེདཔ་བཏང་སྟེ་ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་འབད་བ་ཅིན་ ནགས་མེ་༢༦ ཤོར་མི་གིས་ ས་ཆ་ཧེག་ཊ་རསི་༢,༣༧༨.༡༤ དེ་ལས་ སྤྱི་ལོ་༢༠༢༡ ལུ་ ནགས་མེ་༤༣ ཤོར་མི་གིས་ ས་ཆ་ཧེག་ཊ་རསི་༤,༣༠༨.༠༥ མེདཔ་བཏང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༢༢ ལུ་ ནགས་མེ་༣༤ ཤོར་མི་གིས་ ས་ཆ་ཧེག་ཊ་རསི་༤,༥༠༡.༥༥ མེདཔ་བཏང་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༣ ལུ་ གནས་སྟངས་དེ་ སྐྱོ་དྲགས་ཐལ་ཡོདཔ་བཞིན་དུ་ ལོ་དེ་ནང་ ནགས་མེ་༨༣ ཤོར་མི་གིས་ ནགས་ཚལ་ཧེག་ཊ་རསི་༨,༧༣༡.༨ མེདཔ་བཏང་ཡོདཔ་ཨིན་པས།
ཅ་ཆས་ཀྱིས་ གཞུང་ལུ་ ག་དེ་སྦེ་རྒྱབ་སྐྱོར་འབད་ནི་ཨིན་ན?
དེ་ཡང་ ཇི་འོ་ཨིསི་པེ་ཤལ་གནས་སྡུད་བྱིན་ཏེ་ འབྲུག་ནགས་མེ་ཨིསི་པོ་ཤར་གནས་ཐོ་གིས་ ཉེན་ཁ་ཅན་གྱི་ ས་ཁོངས་ཚུ་ནང་ ཉེན་སྲུང་ཐབས་ལམ་གཙོ་རིམ་བཟུང་ནི་དབང་ཆ་ཐོབ་ནི་དང་ མི་སྡེ་དང་མཐུན་རྐྱེན་ཉེན་སྐྱོབ་འབད་ནི་ལུ་ དམིགས་གཏད་ཅན་གྱི་ ཐབས་བྱུས་བཟོ་ནི་ དེ་ལས་ ཉེན་ཁ་ཅན་གྱི་ ལུང་ཕྱོགས་ནང་ མཐུན་རྐྱེན་བགོ་བཀྲམ་འབད་མི་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
གཞུང་གི་ལས་སྡེ་ཚུ་ལུ་ རྒྱབ་སྐྱོར་གྱི་ མ་དོ་བར་ གནས་ཐོ་དེ་ མི་མང་གི་ མཐུན་རྐྱེན་ཅིག་ཨིནམ་ད་ ས་གནས་ནང་སྡོད་མི་ཚུ་ལུ་ ནགས་མེ་གི་ དམིགས་བསལ་གྱི་ གནསས་སྟངས་ཚུ་ ཤེས་ཚུགས་ནི་དང་ ཅ་ཆས་དེ་ལུ་བརྟེན་ ཐབས་ལམ་གྱི་ ཐབས་བྱུས་ཡར་དྲག་དང་ མི་སྡེ་འབྲེལ་འཛིན་ ཡུན་རིངམོ་གདོང་ལེན་འཆར་གཞི་ མ་རྩ་གཞི་བཙུགས་སྙན་ཞུ་ དོན་སྨིན་ཅན་གྱི་མཐུན་རྐྱེན་བགོ་བཀྲམ་ དེལས་ ཀུན་ཚང་ཉེན་ཁ་བརྟག་ཞིབ་ཀྱི་ ཁེ་ཕན་ཚུ་ ཐོབ་ཚུགས་ནི་ཨིན་པས།
གནས་ཐོ་དེ་ འབྲུག་གི་ས་གནས་གཞུང་སྐྱོང་དང་རྐྱེན་ངན་འཛིན་སྐྱོང་གོང་འཕེལ་དང་ ནགས་ཚལ་དང་གླིང་ཁ་ཞབས་ཏོག་ལས་ཁུངས་ དེ་ལས་ རྒྱལ་སྤྱི་མཉམ་འབྲེལ་བ་ཚུ་ མཉམ་འབྲེལ་ཐོག་ལས་ བཟོ་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།