༉ ནང་བཟོ་དང་བཟོ་གྲྭ་ཆུང་བ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་དྲག་ལུ་ ལྷན་ཐབས་གཙོ་བོ་ཅིག་ འབད་ཡོད་མི་དེ་ཡང་ ལཱ་གཡོག་གི་གོ་སྐབས་དང་ གཞི་རྟེན་གོང་འཕེལ་ དེ་ལས་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ལུ་ གྲོགས་རམ་ཚུ་ འབད་དོ་ཡོདཔ་ཨིན་པས།
ད་ལྟོའི་གནས་སྐབས་ནང་འབད་བ་ཅིན་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་སྡེ་ཚན་ལུ་ ཡར་འཕེལ་དང་ གསན་སྟངས་ཚུ་ནང་ དོ་འགྲན་འབྱུང་བཞིན་དུ་ཡོདཔ་ཨིན་པས།
བཟོ་གྲྭ་ཚོང་འབྲེལ་དང་ ལས་གཡོག་ལྷན་ཁག་གི་ སྙན་ཞུ་ལྟར་དུ་ འབད་བ་ཅིན་ ཁྱིམ་བཟོ་དང་ བཟོ་གྲྭ་ཆུང་བའི་རྩིས་བཀོད་ནང་ འབྲུག་གི་ཚོང་འབྲེལ་ལས་སྡེ་བརྒྱ་ཆ་༩༠ ལྷགཔ་ཅིག་ཡོདཔ་སྦེ་ཨིན་པས།
རང་ལུགས་སྔར་སྲོལ་གྱི་ ལག་བཟོ་དང་ ཐགས་རིགས་ སོ་ནམ་གཞི་རྟེན་གྱི་ ཐོན་སྐྱེད་ཚུ་ལུ་བརྟེན་ ཚོང་འབྲེལ་དེ་ཚུ་གིས་ དཔལ་འབྱོར་ལུ་ ལྷན་ཐབས་རྒྱ་ཆེཝ་སྦེ་ར་འབད་དེ་ ནང་འདྲེན་མར་ཕབ་འབད་བའི་ཁར་ ཚོང་འབྲེལ་ཡུན་བརྟན་གོང་འཕེལ་བཏང་དོ་ཡོདཔ་སྦེ་ཨིན་པས།
སྡེ་ཚན་ངོས་འཛིན་བྱུང་ཐབས་ལུ་ གཞུང་གིས་ ཁྱིམ་བཟོ་དང་ བཟོ་གྲྭ་ཆུང་བའི་སྲིད་བྱུས་དེ་ སྤྱི་ལོ་༢༠༡༩ ལུ་ བརྩམ་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ དངུལ་འབྲེལ་གྱི་ དམིགས་ཡུལ་ལུ་རྒྱབ་སྐྱོར་དང་ འཕྲུལ་རིག་གི་ཐོབ་སྤྱོད་ ཚོང་འབྲེལ་གྱི་མཐུན་འབྲེལ་ཚུ་བཟོ་ཐོག་ལས་ ལས་སྡེ་དེ་ དོ་འགྲན་ཅན་ཅིག་སྦེ་ གནས་ཐབས་ལུ་ གྲོགས་རམ་ཚུ་འབད་ཡོདཔ་ཨིན་པས།
ཚོང་འབྲེལ་གྱི་སྒྲིག་གཞི་དང་བསྟུན་པའི་ བསྐྱར་ཞིབ་སྙན་ཞུ་ཚུ་ བཟོ་གྲྭ་ཚོང་འབྲེལ་དང་ ལས་གཡོག་ལྷན་ཁག་གིས་ འབད་མིའི་ནང་ སྡེ་ཚན་དེ་ ཡར་རྒྱས་བཏང་ནི་ལུ་ གདོང་ལེན་ཚུ་ ལེ་ཤ་ཅིག་ར་ བྱུང་སྟེ་འདུག་ཟེར་ཨིན་པས།
ཁྱིམ་བཟོ་དང་ བཟོ་གྲྭ་ཆུང་བ་གིས་ དོ་འགྲན་འབྱུང་བའི་གྲས་ལས གཙོ་བོ་ཅིག་དེ་ དངུལ་འབྲེལ་ཚད་ཅིག་ལས་བརྒལ་མེད་མི་དེ་ཨིནམ་ད་ ཚོང་འབྲེལ་ཆུང་བ་འཐབ་མི་ཚུ་ལུ་ སྐྱིན་འགྲུལ་འཐོབ་ནི་ལུ་ གདོང་ལེན་སྦོམ་ཡོད་མི་དེ་ ཁོང་ལུ་འོས་འབབབ་ལྡན་པའི་ མཁོ་གལ་ཚུ་མེད་མི་དང་ སྐྱེད་ཚད་མཐོ་དྲག་འབད་མི་ དེ་ལས་ མ་རྩ་སྒྲིང་སྒྲི་མེད་མི་ལུ་བརྟེན་ཨིནམ་སྦེ་ བཀོད་ཡོདཔ་ཨིན་པས།
དེ་ལས་ ལས་སྡེ་མང་ཤོས་ཅིག་ལུ་ དངུལ་ཁང་ནང་ལས་ བསྐྱིན་འགྲུལ་ལེན་པའི་སྐབས་ འདི་དང་འབྲེལ་བའི་གནད་དོན་ཚུ་ མ་ཚང་མི་དང་ ཚོང་འབྲེལ་འཐབ་ད་ མ་དངུལ་ཚུ་ ལངམ་སྦེ་མེད་པ་ཅིན་ དེ་གིས་ ལག་ལེན་འཐབ་ནི་ལུ་ དཀའ་ངལ་བྱུང་སྟེ་ ལཱ་ཚུ་ཐོགས་ལུས་དོ་ཡོདཔ་སྦེ་ཨིན་པས།
ལག་ལེན་ཆུང་ཀུ་ཅིག་ལུ་ཡང་ གནས་གོང་ཟད་འགྲོ་སྦོམ་གནས་དོ་ཡོདཔ་ལས་ དེ་གིས་ ས་གནས་ཀྱི་ཚོང་འབྲེལ་འཐབ་མི་ཚུ་ལུ་ རྩ་བརྟན་གནས་ཐབས་ལུ་ དོ་འགྲན་ཚུ་འབྱུང་དོ་ཡོདཔ་ད་ ཁྱིམ་བཟོ་དང་ བཟོ་གྲྭ་ཆུང་བའི་ལས་སྡེ་མང་ཤོས་ར་ རང་ལུགས་ཀྱི་བཟོ་བཀོད་འབད་མི་ལུ་ བརྟེན་དོ་ཡོདཔ་བཞིན་དུ་ དེ་གིས་ རང་ལུགས་སྔར་སྲོལ་བཟང་པོ་ཚུ་ ཉམས་སྲུང་འབད་བའི་ཁར་ ཕན་ནུས་ཅན་དང་ སྤུས་ཚད་ཅན་སྦེ་ བཟོཝ་ཨིན་པས།
དེང་སང་གི་ གནས་སྟངས་དང་བསྟུན་པའི་ གློག་ཐོག་ཅ་ཆས་མེད་མི་གིས་ གདོང་ལེན་ཚུ་བྱུངམ་ཨིན་པས།
ཕྱི་རྒྱལ་གྱི་ ཐོན་སྐྱེད་གོང་ཚད་ཉུང་དྲགས་དང་ ཐོན་སྐྱེད་མངམ་འབད་མི་གིས་ ནང་འཁོད་ཀྱི་ ཐོན་སྐྱེད་འབད་མི་ཚུ་ལུ་ དོ་འགྲན་ཧེང་སྐལ་ར་བྱུང་དོ་ཡོདཔ་ད་ ཚོང་མགྲོན་པའི་མཁོ་འདོད་བཀོད་མི་ དེ་ཅིག་ར་མེད་པའི་གུ་ དཔལ་འབྱོར་གྱི་གནས་སྟངས་ སྐྱོ་སུ་ཡོད་མི་གིས་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཡུན་བརྟན་གནས་ནི་དང་ མ་འོངས་འཆར་གཞི་ཚུ་ལུ་ དཀའ་ངལ་ཚུ་ཡོདཔ་ཨིན་པས།
ནང་བཟོ་དང་བཟོ་གྲྭ་ཆུང་བ་ལུ་ རྒྱལ་སྤྱིའི་ནང་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་ཚུ་ཡོད་པའི་ཁར་ གཞུང་ལས་ རྒྱབ་སྐྱོར་ཚད་ཅིག་ལས་མེད་མི་དང་ ཚོང་འབྲེལ་ལུ་བར་ཆད་བྱུང་མི་ འཛམ་གླིང་ནང་འབྲེལ་གནད་ལུ་ མཁས་རིག་ཅན་ དེ་ཅིག་ར་མེད་མི་གིས་ ས་མཚམས་བརྒལ་ཏེ་ ཚོང་འབྲེལ་རྒྱ་སྐྱེད་འབད་ནི་ལུ་ དཀའ་ངལ་ཚུ་ཡོདཔ་ཨིན་པས།
འདི་བཟུམ་གྱི་གདོང་ལེན་ཚུ་ལུ་བརྟེན་ སྲིད་དོན་གྱི་གནས་རིམ་ཚུ་ འབྲེལ་ཞུགས་འབད་ནི་ལུ་ གྲོས་འདེབས་འབདཝ་ཨིན་པས།
དངུལ་འབྲེལ་གྱི་གནས་སྟངས་ རྒྱུན་སྐྱོང་འབད་དོན་ལུ་ གཞུང་གིས་ དངུལ་ཁང་ཚུ་ལུ་ འཐུས་གནང་ཐོག་ལས་ སྐྱིན་འགྲུལ་ཚུ་ མཁོ་གལ་དང་འཁྲིལ་ལེན་ནི་དང་ ཚོང་འབྲེལ་ཆུང་བ་ཚུ་ སྐྱེད་ཉུང་བའི་ལས་རིམ་ཐོག་ལས་ སྐྱིན་འགྲུལ་ལེན་ནི་ཚུ་ཡོདཔ་ཨིན་པས།
ཕན་ནུས་ཅན་གྱི་ ཐོན་སྐྱེད་ཡར་དྲགས་བཟོ་ཐབས་ལུ་ སྲིད་བྱུས་བརྩམས་མི་ཚུ་གིས་ ཕྱོགས་སྡེབ་གསར་སྒྲུབ་གཞི་རྟེན་གོང་འཕེལ་དང་ བཟོ་གྲྭའི་གནས་སྟངས་བརྗེ་སོར་ དེ་ལས་ འཕྲུལ་རིག་གི་ཕབ་ཆག་ཚུ་ཡོདཔ་སྦེ་ བཟོ་ནི་ཨིན་པས།
ནང་འཁོད་བཀྲམ་སྤེལ་རྒྱུན་སྐྱོང་རྩ་བརྟན་བཟོ་ནི་དེ་ ལས་སྣ་སོ་སོ་ཅིག་ཨིནམ་ད་ ཚོང་འབྲེལ་བསྐྱར་ཞིབ་སྙན་ཞུ་དང་ འཁྲིལཝ་ད་ ནང་འཁོད་ཀྱི་ཐོན་སྐྱེད་རྒྱུ་ཆས་ཚུ་ལུ་ མ་རྩ་བཙུགས་ནི་དང་ མཁོ་གལ་ཅན་གྱི་གཞི་རྟེན་མཁོ་ཆས་ ཡར་དྲག་བཏང་མི་གིས་ ནང་འདྲེན་ལུ་བརྟེན་ནི་དེ་ མར་ཕབ་དང་ བཀྲམ་སྤེལ་གྱི་ཟད་འགྲོ་ཚུ་ཡང་ མར་ཕབ་འབད་ཚུགས་ཟེར་ ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།