༉ སྐྱེས་ལོ་༡༢ ལང་མི་ ཨ་མིཏ་མོང་གར་དང་ ཁོ་གི་ནུམོ་སྐྱེས་ལོ་༡༠ ལང་མི་ ཨ་ནི་ཤ་༢ ཉིནམ་ཨ་རྟག་ར་ ཆུ་འཛོམས་རྒེད་འོག་གི་ བྱང་ཆུབ་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ རྐང་སྟོང་སྦེ་འགྱོ་ནི་དེ་ འུ་སྡུག་པའི་གཞི་ཅིག་ཨིན་པས།
དགེ་ལེགས་ཐང་སྤྱི་འོག་ལས་ཨིན་མི་ ཨ་མིཏ་མོང་གར་དེ་ སློབ་རིམ་༤ པའི་ནང་ སློབ་སྦྱོང་འབད་དོ་ཡོདཔ་ད་ ཁོ་གི་ནུམོ་ཨ་ནི་ཤ་དེ་ སློབ་རིམ་༣ པའི་ནང་ སློབ་སྦྱོང་འབད་དོ་ཡོདཔ་ཨིན་པས།
ཁོང་སློབ་གྲྭ་ནང་ འགྱོ་སའི་ལམ་དེ་ ནགས་ཚལ་སྟུག་དྲགས་ཡོད་མི་ནང་ལས་ འགྱོ་དགོཔ་ད་ དེ་ཁར་ ས་རུད་ཚུ་ ཆད་དོ་ཡོདཔ་ལས་ དེ་གིས་ ལམ་འགྱོ་ནི་ལུ་ ཧེང་སྐལ་ར་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ང་བཅས་ཀྱིས་ ཁྱིམ་ནང་ལས་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ལས་ ཐོན་འགྱོ་དོ་ཡོདཔ་ད་ རེ་ཚེ་སྐབས་དེ་བ་ཡང་ ཧ་སུ་སྦེ་ འགྱོ་དོ་ཡོདཔ་བཞིན་དུ་ ཨ་མིཏ་མོང་སྒར་གྱིས་ སླབ་མིའི་ནང་ མ་གཞི་ ལམ་འགྱོ་ནི་དེ་ འཇམ་ཏོང་ཏོ་ཅིག་མེན་རུང་ ང་ར་ ཨ་རྟག་ར་འགྱོ་ནི་དེ་གིས་ ཤུམས་ཚུད་དེ་ ནགས་ཚལ་ཚུ་ནང་ལས་འགྱོ་རུང་ སེམས་ཅན་དང་འཕྱད་འོང་ཟེར་ འདྲོག་ནི་ཡང་མིན་འདུག་ཟེར་ཨིན་པས།
ཁོང་ཆ་ཁྱབ་ཀྱིས་ ཉིན་མའི་ལྟོ་དང་ དཔེ་དེབ་ཚུ་འབག་སྟེ་འགྱོཝ་ད་ འུ་སྡུག་དོ་ཡོདཔ་ལས་ དེ་གིས་ ཕྱི་རུ་ལོག་ཁྱིམ་ནང་ལྷོད་པའི་བསྒང་ལས་ ཁྱིམ་ལཱ་འབད་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
གནམ་དགུན་ལུ་འབདཝ་ད་ ཁྱིམ་ནང་མ་ལྷོདཔ་ལས་ གནམ་བསྲོཔ་མས་ཟེར་ཨིནམ་ད་ ཁྱིམ་ནང་ལྷོདཔ་ཅིག་ དེ་འཕྲོ་ལས་ ཁྱིམ་ལཱ་འབད་ནི་ འགོ་བཙུགས་དགོ་ཟེར་ཨིནམ་ད་ ང་བཅས་ལུ་ ཆ་རོགས་གཞན་ཚུ་བཟུམ་སྦེ་ རྩེདམོ་རྩེ་སྡོད་ནི་གི་ དུས་ཚོད་མེད་ཟེར་ ཨ་མིཏ་མོང་སྒར་གྱིས་ བཤདཔ་ཨིན་པས།
ཧེ་མ་འགོ་བཙུགས་པའི་སྐབས་ལུ་ ཁོང་གི་ཕམ་ཚུ་གིས་ སློབ་གྲྭའི་ཉེ་འདབས་ལུ་ ཁྱིམ་ཁང་གླ་ཁར་ལེན་ཡོད་རུང་ དེ་ཁར་སྟབས་མ་བདེཝ་ལེ་ཤ་ཐོན་ཡོདཔ་ལས་ ཨ་ལོའི་ཨའི་ པཱན་ཅ་མ་ཡ་རའེ་གིས་ བཤད་མིའི་ནང་ ངེ་གི་རྨགཔ་དེ་གིས་ ཁྱིམ་ནང་གི་ འཛིན་སྐྱོང་འཐབ་ནི་དང་ ཨ་ལོའི་འཚོ་སྐྱོང་འཐབ་ནི་གཉིས་འབདཝ་ད་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ཨ་ལོ་ཚུ་ ཁྱིམ་ནང་ལས་ བཏང་པའི་སྐབས་སུ་ཡང་ གནམ་བྱཱར་ཆརཔ་རྐྱབ་པའི་བསྒང་ལས་ ཚ་གྱང་ལང་སྟེ་ར་ སྡོད་དགོ་པས་ཟེར་ཨིན་པས།
འདི་བཟུམ་སྦེ་ར་ མཐའ་ཟུར་གྱི་སྤྱི་འོག་ བྲག་ཆུ་དང་ ལྷ་ཡུལ་ དེ་ལས་ ཤེས་རབ་གླིང་ཚུ་ནང་ཡང་ གདོང་ལེན་ཚུ་བྱུང་ཡོདཔ་ད་ མང་ཤོས་ཅིག་གིས་ ཁང་གླ་ལེན་ཏེ་སྡོད་རུང་ མ་དངུལ་གྱི་དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
སྐྱེས་ལོ་༡༥ ལང་མི་ པེ་རེམ་རིན་ཆེན་མོང་སྒར་དེ་ སྤྱིར་བཏང་ཁོ་ཡང་ ཆ་རོགས་ཚུ་བཟུམ་སྦེ་ ལམ་འགྱོ་དགོ་ནི་ཨིན་རུང་ ཁོ་ར་སྤུན་ཆ་ཚུ་དང་གཅིག་ཁར་ སློབ་གྲྭའི་ཉེ་འདབས་ལུ་ ཟླ་རིམ་ཁང་གླ་ དངུལ་ཀྲམ་༡༠༠༠ རེ་སྤྲོད་དེ་ སྡོད་དོ་ཡོདཔ་ཨིན་པས།
ཨིན་རུང་ སང་ཕོད་ལས་ བྱང་ཆུབ་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ནང་སྡོད་ཀྱི་མཐུན་རྐྱེན་ཚུ་ འཐོབ་ནི་ཨིནམ་ལས་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།
ཉལ་ཁང་ཐོག་གཉིས་འབད་མི་ཅིག་ བཟོ་སྐྲུན་འབད་དོ་ཡོད་མི་གིས་ ཨ་ལོ་ཚུ་གི་ མི་ཚེའི་གནས་སྟངས་ལུ་ འགྱུར་བ་འབག་འོང་ཚུགས་ནི་ཨིན་པས།
ང་བཅས་ལུ་ བཞེས་སྒོ་ཐོབ་ནི་དང་ སློབ་སྦྱོང་འབད་ཚུགས་ནི་ ཁྱིམ་ལཱ་མ་ཤེས་མི་ཚུ་ སློབ་དཔོན་དང་ ཆ་རོགས་ཚུ་དང་ བསྟུན་གྲོས་འབད་ཚུགས་ནི་ཨིནམ་མ་ཚད་ སྒྲིག་ཁྲིམས་དང་ ལྷབ་སྦྱང་ཚུ་ཡང་ མ་འདྲཝ་ཐོབ་ཚུགས་ནི་མས་ཟེར་ པེ་རེམ་རིན་ཆེན་གྱིས་ བཤདཔ་ཨིན་པས།
སློབ་གྲྭའི་ལས་བྱེད་དྲུང་ཆེན་ དགའ་སྐྱིད་ཀྱིས་ བཤད་མིའི་ནང་ ནང་སྡོད་མཐུན་རྐྱེན་དེ་གིས་ སློབ་དཔོན་དང་ ཕམ་ དེ་ལས་ སློབ་ཕྲུག་ཚུ་ལུ་ ཁེ་ཕན་སྦོམ་ར་འབྱུང་ཚུགས་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་ ད་ལས་ཕར་ ཁྱིམ་ཁང་གླ་ཁར་ལེན་ཏེ་ སྡོད་མི་དགོ་ནི་དང་ རྐང་སྟོང་སྦེ་འགྱོ་མི་དགོ་ནི་ཨིནམ་ལས་ སློབ་སྦྱོང་འབད་ནིའི་དུས་ཚོད་ མང་སུ་འཐོབ་ཚུགས་ཟེར་ཨིན་པས།
ཉལ་ཁྱིམ་གསརཔ་ནང་ ཉལ་ཁྲི་༡༢༨ ལས་མེད་མི་དང་ སློབ་གྲྭ་ནང་ སློབ་ཕྲུག་༣༥༠ ཡོད་མི་གིས་ དུམ་གྲ་ཅིག་ ཉལ་ཁང་ལང་མ་ཚུགས་པའི་ དཀའ་ངལ་འཐོན་སྲིད་ཟེར་ཨིན་པས།
ཉལ་ཁང་བཟོ་སྐྲུན་གྱི་ལཱ་དེ་ཡང་ དཀོན་མཆོག་ཚེ་རིང་བཟོ་སྐྲུན་ལས་སྡེ་ལུ་ སྤྲོད་ཡོདཔ་ཨིན་པས།
བཟོ་སྐྲུན་གྱི་ལཱ་དེ་ ལོ་གཅིག་ཕར་འགྱངས་འབད་ཡོདཔ་ད་ འཆར་གཞི་དང་བསྟུན་ འཆར་དངུལ་ དངུལ་ཀྲམ་ས་ཡ་༡.༣ ཐེབས་བཞག་ཡོདཔ་ཨིན་པས།
ད་རེས་ འཕྲལ་ཁམས་ཅིག་ཁར་ སྡེ་ཕྲན་༡༢ འབད་མི་ སློབ་ཁང་དེ་བསྒྲུབས་ཡོདཔ་ད་ དེ་ཡང་ འཆར་དངུལ་ དངུལ་ཀྲམ་ས་ཡ་༢༧.༧ ཐོག་ལུ་ བཟོ་སྐྲུན་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement