༉ ནངས་པ་ལས་ གནམ་དགུན་གྱི་ སྤྱི་ཚོགས་འགོ་བཙུགསཔ་དང་འབྲེལ་ རྒྱལ་ཡོངས་ཚོགས་སྡེ་གིས་ དཔྱད་ཡིག་༥ དང་ སྲིད་བྱུས་བསྐྱར་ཞིབ་སྙན་ཞུ་༦ དེ་ལས་ གན་རྒྱ་༡ གུ་ གསུང་གྲོས་གནང་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༣༤ པའི་ནང་ གསུང་གྲོས་གནང་ནི་གི་ དཔྱད་ཡིག་ཚུ་ཡང་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་༢༠༢༤ ཅན་མ་དང་ འབྲུག་གི་ནོར་ཁྲལ་དགོངས་ཡངས་ཀྱི་དཔྱད་ཡིག་ འབྲུག་གི་གཉེན་འབྲེལ་འཕྲི་སྣོན་དཔྱད་ཡིག་ འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་འཕྲི་སྣོན་དཔྱད་ཡིག་ དེ་ལས་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་འཕྲི་སྣོན་དཔྱད་ཚུ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༣༣ པའི་ གྲོས་ཆོད་དང་ལེན་སྙན་ཞུ་དང་ འབྲུག་རྒྱལ་ཁབ་ནང་ ལྟ་བཤལ་གྱི་གནས་སྟངས་གུ་ བར་མཚམས་ཀྱི་སྙན་ཞུ་ དེ་ལས་ ཤེས་རིག་དང་འབྲེལ་བའི་ཁྲིམས་ལུགས་ཀྱི་ བསྐྱར་ཞིབ་སྙན་ཞུའི་གུ་ གྲོས་བསྡུར་འབད་ནི་ཨིན་པས།
གཏན་འཇགས་ཚོགས་ཁང་གིས་ གྲོང་གསེབ་སྐྱིན་འགྲུལ་གྱི་བསྐྱར་ཞིབ་སྙན་ཞུ་དང་ འབྲུག་གི་བརྡ་བརྒྱུད་ཀྱི་གནས་སྟངས་བསྐྱར་ཞིབ་ ལོ་བསྟར་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀི་སྙན་ཞུ་༢༠༢༣-༢༠༢༤ ཅན་མ་ བསྐྱར་ཞིབ་སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་ཨིན་པས།
བསྐྱར་ཞིབ་ཚོགས་ཁང་གིས་ བཀོད་མིའི་ནང་ ཚོགས་བཞུགས་ནང་ དཔལ་ལྡན་འབྲུག་གཞུང་དང་ ཀུ་ཝིཊ་གཞུང་གི་བར་ན་ མཁའ་འགྲུལ་ཞབས་ཏོག་གི་གན་རྒྱ་གུ་ གསུང་གྲོས་གནང་ནི་གི་ གྲོས་ཆོད་བྱུང་སྟེ་ ཡོད་ཟེར་ཨིན་པས།
སྤྱི་ཚོགས་ལྷན་བཞུགས་ནང་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ལོ་༢༠༢༤ ལོའི་ རྒྱལ་ཁམས་ས་གཏར་ལས་འཛིན་ཚད་ཀྱི ལས་སྤྱོད་དང་ འབྲེལ་བའི་ ལས་འབྲེལ་རྩིས་ཞིབ་ སྙན་ཞུའི་བསྐྱར་ཞིབ་སྙན་ཞུ་ གསལ་ཞུ་འབད་དེ་ གྲོས་གནང་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ མཇུག་བསྡུ་གནང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement