༉ འབྲུག་རྒྱལ་ཁབ་ཀྱིས་ ཨེཆ་ཨའེ་བི་ནད་འབུབ་འཐོབ་ནིའི ཉེན་ཁ་མར་ཕབ་འབད་ཚུགས་པའི་ སྨན་རིགས་ཅིག་ཨིན་མི་ པི་རི་ཨེཊསི་པོ་ཟར་ པོ་རོ་ཕེ་ལེཊསི་(པེ་ཨཱར་ཨི་པི)ཟེར་མི་དེ་ འགོ་བཙུགསཔ་དང་འབྲེལ་ ཨེཆ་ཨའེ་བི་ཨེཌསི་ལུ་ གདོང་ལེན་འབད་ནི་གི་ མདུན་སྤྱོད་ཐབས་ལམ་སྦོམ་ཤོས་ཅིག་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ནང་ འགོ་འབྱེད་འབད་བའི་ཤུལ་ལས་ ཐིམ་ཕུག་དང་ སྤ་རོ་ལས་ མི་ངོམ་༥༤ གིས་ རྩོལ་སྒྲུབ་ཀྱི་ཤ་ཆས་ཅིག་སྦེ་ བཟའ་ནི་འགོ་བཙུགས་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་དང་ ཨེམ་ད་ཅཱིལ་ཌེན་བར་ན་ མཉམ་འབྲེལ་འབད་མི་ ལས་རིམ་དེ་ དམིགས་བསལ་དུ་ ཉེན་ཁ་སྦོམ་ཡོད་པའི་མི་རློབས་ ཕོ་སྐྱེས་དང་ཕོ་སྐྱེས་ ལུས་འབྲེལ་འབད་མི་དང་ སྨད་ཚོང་འབད་མི་ཨམ་སྲུ་ དེ་ལས་ མཚན་སྒྱུར་ཚུ་ལུ་ དམིགས་གཏད་བསྐྱེད་ཡོདཔ་ཨིན་པས།
སྨན་རིགས་དེ་ ནད་འབུབ་ཨེཆ་ཨའེ་བི་ ནེ་གི་ཊིབ་ ངོ་རྐྱང་ཚུ་གི་དོན་ལུ་ཨིན་རུང་ ནད་གཞི་འཐོབ་ནིའི་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
གསོ་བའི་མཁས་མཆོག་ཚུ་གིས་ སྨན་ཚུ་ཡང་ རང་གི་བཟའ་ཟླ་ལུ་ ནད་འབུབ་ཨེཆ་ཨའེ་བི་ཡོད་མི་དང་ འདས་པའི་ཟླ་༦ གི་ཧེ་མར་ ཨེསི་ཊི་ཨའི་ནད་འབུབ་ཡོདཔ་སྦེ་ བདའ་ཟུན་མི་དང་ཡང་ཅིན་ སྨན་ཁབ་ཅ་ཆས་ བརྗེ་སོར་འབད་མི་ཚུ་གིས་ བཟའ་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།
ཧེ་མ་ལས་ ལག་ལེན་འཐབ་བཞིན་ཡོད་མི་ཐབས་ལམ་ ཕོ་མཚན་ཤུབས་ ནད་འབུབ་ལས་ བཀག་ཚུགས་ནི་མ་ཚད་ པེ་ཨཱར་ཨི་པི་གིས་ ཉེན་ཁ་ཡོད་མི་ཚུ་ལུ་ ཨེཆ་ཨའི་ཝི་ནད་འབུབ་ལས་ ཕན་ནུས་ཅན་སྦེ་ ཉེན་སྲུང་འབད་ཚུགས་ནི་ཨིན་པས།
ལས་རིམ་དེ་ འཛམ་གླིང་མ་དངུལ་ལས་ཀྱིས་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༣༠ ནང་འཁོད་ལུ་ ཨེཆ་ཨའེ་བི་ཐོབ་མི་ བརྒྱ་ཆ་༩༠ མར་ཕབ་འབད་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
སྤྱི་ལོ་༡༩༩༣ ལུ་ འགོ་དང་པ་ ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་ བདའ་ཟུན་ཞིནམ་ལས་ཚུར་ འབྲུག་ལུ་ ནད་འབུབ་ཐོབ་མི་༡,༠༡༠ ཐོ་བཀོད་འབད་ཡོདཔ་ད་ ད་རེས་ མི་གྲངས་༧༧༢ ལུ་ ནད་འབུབ་ཐོབ་སྟེ་ ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ད་ལྟོའི་ བཀག་ཐབས་ཀྱི་ ཐབས་བྱུས་དང་ པེ་ཨཱར་ཨི་པི་མཉམ་སྡེབ་འབད་དེ་ དམིགས་བསལ་དུ་ ཉེན་ཁ་སྦོམ་ཡོད་པའི་སྡེ་ཚན་ནང་ ནད་འབུབ་འཐོབ་ནི་ལས་ བཀག་ཐབས་འབད་ཚུགས་ཟེར་ཨིན་པས།
པེ་ཨཱར་ཨི་པི་གིས་ ནད་འབུབ་ཨེཆ་ཨའེ་བི་ལས་ བཀག་ཐབས་འབད་ཚུགས་ནི་ཨིན་རུང་ གྲང་བ་དང་ ལུས་འབྲེལ་ནད་གཞི་ཚུ་ འབུ་ནི་ལས་ བཀག་ཐབས་འབད་མི་ཚུགས་ནི་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ལས་རིམ་གྱི་ཆ་ཤས་ཅིག་སྦེ་ སྨན་ཁབ་བཀྲམ་སྤེལ་དང་ བསླབ་བྱའི་ཞབས་ཏོག་ཚུ་བརྩིས་ཏེ་ སྔོན་འགོག་གི་ཐབས་ལམ་ ཁ་སྐོང་ཚུ་ བཙུགས་དོ་ཡོདཔ་ད་ འབྲུག་ལུ་ ཨེཆ་ཨའི་ཝི་ནད་འབུབ་བཀག་ཐབས་དང་ ལུས་འབྲེལ་དང་འབྲེལ་འབི་ གསོ་བའི་ཤེས་ཡོན་གྱི་དོན་ལུ་ གཞི་བཀོད་ཡོངས་རྫོགས་ཅིག་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དེ་ ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ འཕྲོ་མཐུད་དེ་ ལཱ་རྩ་འགེངས་འབད་མི་དང་ བཀག་ཐབས་ཀྱི་ ཐབས་བྱུས་བཏོན་མི་གིས་ ནད་འབུབ་ཨེཆ་ཨའེ་བི་ རྒྱ་ཆེ་དྲགས་སྦེ་ར་ མར་འབད་ཚུགས་ནི་དང་ ཉེན་ཁ་ཅན་གྱི་ མི་རློབས་ཚུ་ལུ་ གསོ་བའི་གྲུབ་འབྲས་ ལེགས་ཤོམ་འཐོབ་ནི་ ངེས་བརྟན་བཟོ་ཚུགས་ནི་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།