༉ སྤྱི་ཟླ་༨ པའི་ཚེས་༡༤ ལུ་ འཛམ་གླིང་གསོ་བའི་ཚོགས་སྡེ་གིས་ ནད་ཡམས་མང་ཀི་པོགསི་ཟེར་མི་དེ་ རྒྱལ་སྤྱི་ནང་ མི་མང་འཕྲོད་བསྟེན་ཚབས་དོལ་ཅིག་སྦེ་ གསལ་བསྒྲགས་འབད་བའི་ཤུལ་ལུ་ གསོ་བ་ལྷན་ཁག་གིས་ དྲནམ་བཏོན་ཏེ་ ཡོདཔ་ཨིན་པས།
ནད་གཞི་དེ་ རྒྱལ་ཁབ་ནང་ འཐོན་ནི་ཉེན་ཁ་ཡོདཔ་ལས་ གནད་དོན་ག་ཅི་ར་ འབྲེལ་བ་འཐབ་རུང་ ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ཚོགས་སྡེའི་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ པ་ཀིས་ཏཱན་ལུ་ སྤྱི་ཟླ་༨ པའི་ཚེས་༡༦ ལུ་ མང་ཀི་པོགསི་(ཨེམ་པོགསི་) ཐོན་ཡོད་པའི་སྙན་ཞུ་༣ དང་ སྤྱི་ཟླ་༨ པའི་ཚེས་༡༩ ལུ་ གནད་དོན་༡ སྙན་ཞུ་འབད་ཡོདཔ་ཨིན་པས།
ནད་གཞི་དེ་ཡང་ ཨེམ་པོགསི་གི་ རྣམ་པ་ཀེ་ལཌི་༢ ཨིན་པའི་ཁར་ སྤྱི་ཟླ་༨ པའི་ཚེས་༢༡ ལུ་ ཨ་རི་ཀ་ལུ་སོང་མི་ཅིག་ལུ་ ནད་གཞི་ཐོབ་ཡོདཔ་སྦེ་ བདའ་ཟུན་ནུག།
ཨེམ་པོགསི་ནད་གཞི་དེ་ རིགས་ཚན་ཁྱད་པར་ལུ་གཞི་བཞག་སྟེ་ ཀེ་ལིཌ་༡ དང་༢ པ་སྦེ་ དབྱེ་བ་ཕྱེ་ཡོདཔ་ད་ གསོ་བ་ལྷན་ཁག་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ འཕྲལ་ཁམས་ཅིག་ཁར་ དར་ཁྱབ་སོང་མི་དེ་ ནད་གཞི་དེ་ ཨེམ་པོགསི་ཀེ་ལིཌ་༡ (ཁ) པའི་དབྱེ་ཁག་ནང་ ཚུད་དེ་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ ཨེམ་པོགསི་གྲ་སྒྲིག་ སྙན་ཞུ་འབད་མི་དང་ འཁྲིལ་བ་ཅིན་ ཨེམ་པོགསི་ཀེ་ལིཌ་༡(ཁ) པ་དེ་ ཉེན་ཁ་ཅན་ཅིག་ཨིན་པའི་ གཅིག་གིས་གཅིག་ལུ་ འཇམ་ཏོང་ཏོ་སྦེ་ སྤེལ་མི་ཅིག་ཨིན་པའི་ ངོས་འཛིན་འབད་དེ་འདུག།
ཨེམ་པོགསི་ ངོས་འཛིན་འབད་ནི་དེ་ ལཱ་ཁག་ཡོད་མི་དེ་ཡང་ འབུ་ཉེན་ཅན་དང་ གནས་སྟངས་གཅིག་མཚུངས་བཏོན་མི་ ནད་གཞི་ཡོད་མི་ལུ་བརྟེན་ཨིན་པས།
ལྷན་ཁག་གི་ སྙན་ཞུ་ནང་ བཀོད་མིའི་ནང་ ཨེམ་པོགསི་དེ་ སྤོ་རོ་དཀར་ཅུངམ༌དང་ དམར་ཅནམ་ ཕྲ་འབུབ་ལུ་བརྟེན་ པགས་ཀོ་གི་རྨ་རུལ་མི་ རྐོང་ནད་ མཚན་རྨ་ ལུས་འབྲེལ་ནད་ དེ་ལས་ སྨན་བཅོས་འབད་བའི་སྐབས་ ནད་གཞི་ཐོབ་མི་ཚུ་གི་བར་ན་ དབྱེ་བ་ཕྱེ་ནི་དེ་ གལ་ཅན་ཅིག་ཨིན་ཟེར་ཨིན་པས།
ཨེམ་པོགསི་ཐོབ་མི་ཚུ་གིས་ ལུས་འབྲེལ་གྱིས་སྤེལ་བའི་ ནད་གཞི་དང་འབྲེལ་བའི་ མཚན་རྨ་ཚུ་ འཐོན་ནི་ཉེན་ཁ་ཡོདཔ་ད་ ཨེམ་པོགསི་ཐོབ་ཡོད་པའི་ དོགས་པ་ཡོད་མི་ ཨ་ལོ་ཚུ་ལུ་ སྤོ་རོ་དཀར་ཅུངམ་འཐོབ་ནི་ ཉེན་ཁ་ཡོདཔ་ཨིན་པས།
ཨེམ་པོགསི་ནད་གཞི་ཐོབ་པ་ཅིན་ གཟུགས་ཀྱི་པགས་ཀོ་ཚུ་ནང་ སྤོ་རོ་ཐོན་ཏེ་ དྲོད་འབར་རྐྱབ་ནི་དང་ མགུ་ཏོ་ན་ནི་ ཤ་རྒྱུས་ན་ནི་ སྒལ་ཏོ་ན་ནི་ ནུས་ཤུགས་མར་ཕབ་ལ་སོགས་པའི་ རྟགས་མཚན་ཚུ་ བཏོན་ནི་ཨིན་པས།
ནད་གཞི་དེ་ མི་ཚུ་ལུ་ ནད་གཞི་ཐོབ་མི་ མི་དང་ སེམས་ཅན་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་དང་ འབུ་ནི་ཉེན་ཁ་ཡོད་པའི་ཁར་ ལུས་འབྲེལ་འཐབ་པ་ཅིན་ ཉེན་ཁ་ལྕིད་སུ་ཅིག་ཡོདཔ་ཨིན་པས།
ནད་གཞི་གདོང་ལེན་འབད་ནིའི་དོན་ལས་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ གསོ་བ་ལྷན་ཁག་གིས་ གློ་བུར་གསོ་བ་ལག་ལེན་ལྟེ་བ་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་རེས་ ལྟེ་བ་དེ་ དྲནམ་བཏོན་ཐོག་ལུ་ཡོདཔ་ཨིན་པས།
ལྟེ་བ་གིས་ མཉམ་འབྲེལ་འབད་བརྩོན་གདོང་ལེན་དང་ གྲོས་ཐག་གཅད་ནི་ དེ་ལས་ གལ་སྲིད་ གནས་སྟངས་དེ་ སྐྱོ་དྲགས་ཐལ་སོ་པ་ཅིན་ ཐོན་སྐྱེད་དོན་སྨིན་ཅན་ཅིག་སྦེ་ བགོ་བཀྲམ་འབད་ནི་ཨིན་པས།
ལྷན་ཁག་གིས་ འཛུལ་སྒོ་ཁག་ཚུ་ནང་ རྒྱུན་སྐྱོང་ལྟ་ཞིབ་ཚུ་ འབད་དོ་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༡༦ ལས་ཚུར་ ལྷན་ཁག་གིས་ མཁའ་འགྲུལ་ལས་ཁུངས་དང་ རྒྱབ་སྐྱོར་ཐོག་ལས་ རྒྱལ་ཁབ་ནང་འོང་མི་ གནམ་གྲུ་ནང་ གསལ་བསྒྲགས་འབད་ནི་ འགོ་བཙུགས་ཏེ་ ཡོདཔ་ཨིན་པས།
ནད་གཞི་ཁྱབ་སྤེལ་སོང་བའི་ རྒྱལ་ཁབ་ལས་འོང་མི་ འགྲུལ་པ་ཚུ་ གསོ་བའི་དབྱེ་ཞིབ་ཀྱི་དོན་ལུ་ གནམ་གྲུ་ཐང་ཡོད་པའི་ གསོ་བའི་ཡིག་ཚང་དང་གཅིག་ཁར་ སྙན་ཞུ་འབད་དགོཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༡ གི་ནང་འཁོད་ལུ་ འཕུར་འགྲུལ་༣༡ ནང་ འགྲུལ་པ་༡,༣༨༡ འོང་སྟེ་ཡོདཔ་ད་ ཨིན་རུང་ འགྲུལ་པ་ཕུད་རྡོག་གཅིག་ལུ་ར་ ནད་གཞི་དང་ ནད་གཞི་ཐོབ་ཡོད་པའི་ རྟགས་མཚན་ ཡང་ཅིན་ ནད་གཞི་ཁྱབ་སྤེལ་སོང་བའི་ རྒྱལ་ཁབ་ལས་ འོང་སྟེ་མེདཔ་ཨིན་པས།
ལྷན་ཁག་གིས་ འཁོར་ལམ་བརྒྱུད་དེ་ འཛུལ་ཞུགས་འབད་མི་ཚུ་གི་དོན་ལས་ དབྱེ་ཞིབ་འབད་བརྩོན་རྒྱབ་སྐྱོར་ཐོག་ལས་ ཕྱི་མི་ནང་སྐྱོད་ལས་ཁུངས་དང་ བརྡ་དོན་འབད་དེ་ ཡོདཔ་ཨིན་པས།
གལ་སྲིད་ ནད་གཞི་ཁྱབ་སྤེལ་འགྱོ་བའི་རྒྱལ་ཁབ་ འགྲོ་འགྲུལ་པ་ཚུ་ ས་ཐོག་ལས་ དམིགས་བསལ་དུ་ བསམ་རྩེ་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལས་ འོང་པ་ཅན་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ དེ་འཕྲོ་ལས་ གསོ་བའི་འགོ་དཔོན་ཚུ་ སླབ་དགོཔ་སྦེ་ བཀོད་རྒྱ་བྱིན་ཏེ་ ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གི་ མི་མང་གསོ་བའི་འཕྲོད་བསྟེན་ལས་ཁུངས་དང་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ དེ་འཕྲོ་ལས་ ནད་གཞི་གསརཔ་ ངོས་འཛིན་འབད་ནི་ དབྱེ་ཞིབ་ལམ་ལུགས་ ལྷན་ཐབས་འབད་ནི་ཨིནམ་བཞིན་དུ་ དམིགས་བསལ་དུ་ འཛུལ་སྒོ་ཚུ་ནང་ གཙོ་རིམ་བཟུང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།