༉ ལོ་༣ ལྷགཔ་ཅིག་གི་རིང་ ལཱ་འབད་མ་ཚུགས་པར་ བཤོལ་བཞག་པའི་ཤུལ་ལུ་ རུས་སྦིས་ས་གི་ རླུང་འཁོར་༢ ཡོད་ས་ལས་ གཅིག་ལཱ་བཀོལ་ནི་འགོ་བཙུགས་ཡོདཔ་ད་ གཞན་མི་ཚུ་ ལཱ་བཀོལ་མ་ཚུགས་པར་ ལུས་མི་དེ་ཡང་ ཡན་ལག་ཅ་ཆས་ཚུ་ ཉམས་བཅོས་ཀྱི་དོན་ལུ་ ལྷོད་མ་ཚུགསཔ་ཨིན་པས།
ད་ལྟོ་ ལཱ་བཀོལ་མ་ཚུགས་པར་ལུས་མིའི་ རླུང་འཁོར་གྱི་ཡན་ལག་ཅ་ཆས་ཚུ་ སྤྱི་ཟླ་༤ པའི་ནང་ ལྷོད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
རླུང་འཁོར་གཉིསཔོ་དེ་ སྤྱི་ལོ་༢༠༡༦ ལུ་ མོ་བཏབ་ཀྱི་དོན་ལུ་ འགོ་བཙུགས་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ རླུང་འཁོར་ཐོག་ལས་ ནུས་ཤུགས་གསོག་འཇོག་འབད་དེ་ རང་བཞིན་ནུས་ཤུགས་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཉེན་སྲུང་ཅན་སྦེ་ ཐབས་བྱུས་བཏོན་ཡོདཔ་ཨིན་པས།
ཟད་འགྲོ་དངུལ་ཀྲམ་ས་ཡ་༡༧༧ གནས་མི་ལས་འགུལ་དེ་ ཨེ་ཤི་ཡེན་གོང་འཕེལ་དངུལ་ཁང་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཧེ་མ་ རླུང་འཁོར་༢ ཆ་ར་ ལཱ་བཀོལ་བཏུབ་པའི་སྐབས་སུ་ རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༥ དེ་རེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཀྱི་ ནུས་ཤུགས་འཕྲུལ་ཨམ་དང་ མཐུད་སྦྲེལ་འབད་དེ་ རླུང་འཁོར་གཉིས་ ཧྲིལ་བུམ་སྦེ་ ལཱ་བཀོལ་བའི་སྐབས་སུ་ ཁྱིམ་གུང་༣༠༠ དེ་ཅིག་ལུ་ ནུས་ཤུགས་ལང་ཚུགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༠ ཟླ་༡༢ པ་ཚུན་ རླུང་འཁོར་༢ ལཱ་བཀོལ་མི་དེ་གིས་ ནུས་ཤུགས་ཡུ་ནིཊ་ས་ཡ་༤.༨༢ བཟོ་མི་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༢༤.༨༥༦༦ བཟོ་ཚུགས་ཡོདཔ་ཨིན་པས།
ཡོངས་བསྡོམས་ཚོད་རྩིས་ནང་ འབད་བ་ཅིན་ རླུང་འཁོར་འཕྲུལ་ཨམ་ལུ་བརྟེན་ ལོ་བསྟར་ལུ་ ནུས་ཤུགས་ཡུ་ནིཊ་ས་ཡ་༡.༢ རེ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།
རླུང་འཁོར་འཕྲུལ་ཆས་ཀྱི་ ལག་ལེན་དང་ རྒྱུན་སྐྱོང་ཚུ་ག་ར་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ འབད་དོ་ཡོདཔ་ཨིན་པས།
རླུང་འཁོར་འཕྲུལ་ཆས་ ཉམས་གསོ་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༦ གནས་དོ་ཡོདཔ་ཨིན་པས།
རླུང་འཁོར་ལཱ་མ་བཀོལ་བར་བཞག་མི་༢ ལུ་ གལ་གནད་ཅན་གྱི་ གནད་དོན་ཁག་གཉིས་ཡོད་མི་ཚུ་ཡང་ ནུས་ཤུགས་ཚད་འཛིན་འབད་ནིའི་མོ་ཌལ་དང་ ཨིན་བེན་ཊར་མོ་ཌལ་ཚུ་ མེདཔ་ཐལ་མི་ལུ་བརྟེན་ཨིན་པས།
ད་རུང་ འཕྲུལ་ཨམ་གྱི་ གེ་ཡར་སྒྲོམ་ནང་ལས་ སྒྲ་སྐད་མ་འདྲཝ་སྦེ་རྐྱབ་མི་དེ་ འཕྲུལ་ཨམ་ནང་ན་ མེདཔ་ཐལ་དོ་ཡོད་པའི་ བརྡ་མཚོན་ཨིནམ་ལས་ དེ་ལུ་ཉམས་བཅོས་འབད་དགོཔ་ཡོདཔ་ཨིན་པས།
གནད་དོན་དེ་གཉིསཔོ་དེ་ ཨ་རུ་ད་ར་རླུང་འཁོར་ནུས་ཤུགས་སྒེར་སྡེ་དང་ རྒྱ་གར་ཨེ་བི་བི་ལས་སྡེ་གཉིས་ཀྱིས་ རྒྱུན་སྐྱོང་གི་ལཱ་འབདཝ་ད་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཡན་ལག་ཅ་ཆས་ཚུ་ལྷོད་ཞིནམ་ལས་ ཨ་རུ་ད་ར་རླུང་འཁོར་ནུས་ཤུགས་སྒེར་སྡེ་གིས་ རླུང་འཁོར་ཉམས་བཅོས་ཀྱི་ལཱ་ཚུ་ འབད་ནི་འགོ་བཙུགས་ནི་ཨིན་པས།
སྤྱི་ལོ་༢༠༡༦ རང་བཞིན་སླར་འབྱུང་ནུས་ཤུགས་འཛིན་སྐྱོང་འཆར་གཞི་ཨམ་དང་ འཁྲིལ་བ་ཅིན་ འབྲུག་ལུ་ཉི་དྲོད་ནུས་ཤུགས་ གི་གཱ་ཝཊ་༡༢ དང་ རླུང་འཁོར་ནུས་ཤུགས་ མེ་ག་ཝཱཊ་༧༦༠ ཐོན་སྐྱེད་འབད་ཚུགས་ནི་ཨིན་པས།
དེ་འབདཝ་ད་ ད་ཚུན་ལུ་ རུས་སྦལ་སའི་རླུང་འཁོར་ལུ་བརྟེན་ ནུས་ཤུགས་ཀི་ལོ་ཝཱཊ་༦༠༠ ཐོན་སྐྱེད་འབད་ཡོདཔ་ད་ དེ་གིས་ འབྲུག་གི་ནུས་ཤུགས་བརྒྱ་ཆ་ལས་ འབད་བ་ཅིན་ བརྒྱ་ཆ་༠.༠༧༩ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
གནམ་གཤིས་འགྱུར་བགྲོད་ལས་ཁུངས་ འགོ་དཔོན་གྱིས་ བཤད་མིའི་ནང་ རུས་སྦལ་སའི་ལས་འགུལ་དེ་ མོ་བཏབ་ཀྱི་དོན་ལུ་ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ རླུང་འཁོར་ཉམས་བཅོས་ཀྱི་དོན་ལུ་ ལྕོགས་གྲུབ་མེད་མི་ལུ་བརྟེན་ ལཱ་ཚུ་ག་ཅི་ལུ་འབད་རུང་ ལྷོད་འགྱངས་ཐོག་ལུ་ ལུསཔ་མས་ཟེར་ཨིན་པས།
ལོ་ལྔའི་འཆར་གཞི་༡༣ པའི་ནང་ འབྲུག་གིས་ ནུས་ཤུགས་ཉེན་སྲུང་གོང་འཕེལ་ལུ་ དམིགས་ཡུལ་བསྐྱེད་དེ་ སྤྱི་ལོ་༢༠༢༩ གི་ནང་འཁོད་ལུ་ ནུས་ཤུགས་མེ་གཱ་ཝཊ་༥༠༠ ཡར་སེང་དང་ སྤྱི་ལོ་༢༠༣༤ ཚུན་ལུ་ ནུས་ཤུགས་མེ་ག་ཝཱཊ་༡,༠༠༠ ཡར་སེང་ འབད་ཚུགསཔ་འབད་ནི་ཨིན་ཟེར་ཨིན་པས།
འཆར་གཞིའི་ནང་ རླུང་འཁོར་ནུས་ཤུགས་མེ་ག་ཝཱཊ་༢༣ ཡོད་མི་ཚུ་ཡང་ འཆར་གཞི་༡༣ པའི་ནང་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།