༉ ནུས་ཤུགས་དང་ རང་བཞིན་སླར་འབྱུང་ལྷན་ཁག་གིས་ སོ་ནམ་པའི་སའི་ཇོ་བདག་ཚུ་ལུ་ གཡུས་སྒོ་ཚུ་ནང་ལས་ཕར་ གློག་མེའི་ཀཝ་བཙུགས་པའི་སྐབས་ ཁོང་གི་ཕ་ཞིང་ལུ་ གནོད་པ་བྱུང་མི་ཚུ་ལུ་ རྒུད་འཐུས་བྱིན་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
ནུས་ཤུགས་དང་ རང་བཞིན་སླར་འབྱུང་ལྷན་ཁག་གི་བློན་པོ་ མགོནམ་ཚེ་རིང་གིས་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཚོགས་ཁང་ནང་ སྙན་ཞུ་འབད་བའི་སྐབས་ལུ་ གསལ་ཞུ་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་ཁང་ནང་ གནམ་བྱཱར་གྱི་ ཚོགས་འདུའི་སྐབས་ལས་ར་ གློག་མེའི་ཀཝ་དང་ གློག་མེའི་རྒྱུན་ཐག་འཐེན་ནི་ དེ་ལས་ གློག་མེའི་གསོག་འཇོག་འཕྲུལ་ཨམ་ ཊཱནསི་ཕོ་མར་ཚུ་གིས་ སོ་ནམ་པའི་ས་ཞིང་ཚུ་ལུ་ གནོད་སྐྱོན་བྱུང་ཡོད་པའི་སྐོར་ལས་ གྲོས་བསྡུར་ཚུ་འབད་ཡོདཔ་ཨིན་པས།
ནུས་ཤུགས་དང་ རང་བཞིན་སླར་འབྱུང་ལྷན་ཁག་གིས་འབད་བ་ཅིན་ གློག་མེ་བགོ་བཀྲམ་རྒྱུད་ཐག་དང་གཅིག་ཁར་ ཀ་རིང་༡,༠༥༧ གྱིས་ སྒེར་གྱི་ས་ཆ་ས་ཚན་༡༢,༣༦༤ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ད་ དེ་གུ་ལུ་ རྒྱུན་ཐག་བཀྲམ་སྤེལ་འབདཝ་ད་ ས་ཚན་༥༤,༨༤༩ དང་ གློག་མེ་གསོག་འཇོག་འཕྲུལ་ཨམ་ཊནསི་ཕོ་མར་གྱིས་ ས་ཚན་༣,༣༦༥ ལུ་ གནོད་པ་རྐྱབ་ཡོདཔ་སྦེ་ ཨིན་པས།
གྲོས་གཞི་ཚུ་དང་འཁྲིལ་ཏེ་འབད་བ་ཅིན་ གཞི་རྟེན་མཁོ་ཆས་ཚུ་ སྤོ་སོར་འབད་ནི་ལུ་ གྲོས་འདེབས་ཕུལ་ཡོད་རུང་ བློན་པོ་མགོནམ་ཚེ་རིང་གིས་ འདི་བཟུམ་གྱི་ཐབས་བྱུས་དེ་གིས་ ཟད་འགྲོ་སྦོམ་གནས་ནི་དང་ དཀའ་ངལ་དང་ གདོང་ལེན་ཚུ་སྦོམ་ར་ འབྱུང་འོང་ཟེར་ཨིན་པས།
སྔོན་འགྲོའི་ཚོད་རྩིས་བཏོན་མི་ གློག་མེ་གསོག་འཇོག་འཕྲུལ་ཨམ་ ཊཱནསི་ཕོ་མར་ སྤོ་སོར་འབད་བ་ཅིན་ དེ་ལུ་ཟད་འགྲོ་ དངུལ་ཀྲམ་ཐེར་འབུམ་༡༥.༡༣ གནས་ནི་གིས་མ་ཚད་ བརྒྱུད་ཐག་དང་ ཡན་ལག་གློག་མེ་འཕྲུལ་ཨམ་ཚུ་ལུ་བརྟེན་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༧.༢ གནས་ནི་མས་ཟེར་ཨིན་པས།
འདས་པའི་ལོ་༣ གྱི་ཧེ་མར་ འབྲུག་གློག་མེ་ལས་འཛིན་གྱིས་ གློག་མེ་བགོ་བཀྲམ་རིམ་ལུགས་༣༧༥ སྤོ་སོར་འབདཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩༤ གནས་ཡོདཔ་སྦེ་ཨིན་པས།
བློན་པོ་མགོནམ་ཚེ་རིང་གིས་ ཞུ་བ་འབད་མིའི་ནང་ ལ་ལུ་ཅིག་ནང་ ཐབས་ར་མེད་པར་ གློག་མེ་ཀ་རིང་དང་ ཀ་ཆེན་ དེ་ལས་ ཀཝ་རེ་གཉིས་རེ་ སྤོ་སོར་འབད་དགོཔ་ཐོནམ་ད་ལུ་ཡང་ ཟད་འགྲོ་སྦོམ་ར་ གནསཔ་མས་ཟེར་ཨིན་པས།
ད་ལྟོ་ འཆར་གཞི་དང་འཁྲིལ་བའི་ ཞིབ་དཔྱད་ཚུ་ལེགས་ཤོམ་སྦེ་ར་ འབད་དོ་ཡོདཔ་ད་ གཞི་རྟེན་མཁོ་ཆས་ཚུ་ ངེས་བདེན་སྤོ་སོར་འབད་དགོཔ་ཡོད་མེད་ བལྟ་དོ་ཟེར་ཨིན་པས།
བློན་པོ་གིས་ བཅའ་ཡིག་དང་སྒྲིག་གཞི་གསརཔ་བཟོ་མི་གིས་ ད་ལྟོ་ཡོད་པའི་གདོང་ལེན་ཚུ་ལུ་ ལཱ་ཁག་གཏང་ནི་བཟུམ་ཡོད་ཟེར་ ཞུ་བ་འབད་ཡོདཔ་ཨིན་པས།
ལྷོ་ཐིམ་ཕུག་གི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ སྒྲིག་གཞི་ནང་ གནད་དོན་ལ་ལུ་ཅིག་ དྭངས་གསལ་མིན་འདུག་ཟེར་ཨིནམ་ད་ བར་འབྲེལ་བ་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་མི་གིས་ མ་འོངས་པའི་གདོང་ལེན་ཚུ་ མར་ཕབ་འབད་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
བོང་སྒོ་ སྐྱབས་ཆ་འཐུས་མི་ སྤེན་པ་གིས་ གྲོས་གཞི་ཕུལ་མིའི་ནང་ གལ་སྲིད་ ས་ཚབ་སྤྲོད་ནི་དང་ སྤོ་སོར་འབད་ནི་ཚུ་ལུ་ བྱ་སྟབས་མ་བདེཝ་ཡོད་པ་ཅིན་ རྒྱུན་ཐག་ཚུ་ ས་འོག་ལས་སྦེ་ འཐེན་ནི་ལུ་ཐབས་ལམ་བཏོན་དགོཔ་འདུག་ཟེར་ཨིན་པས།
འཐུས་མི་ལ་ལུ་ཅིག་དང་ ཚོགས་ཁང་གི་ ཚོགས་དཔོན་ལུང་བསྟན་རྡོ་རྗེ་གིས་ ཚ་གྱང་ཡོད་ལུགས་ཚུ་ཞུ་མི་དེ་ཡང་ གློག་མེ་རྒྱུན་ཐག་ ཤུགས་ཚད་ཅན་ཚུ་གིས་ མི་དང་ སྡོད་ཁྱིམ་ག་ར་ལུ་ ཉེན་ཁ་སྦོམ་ར་ཡོདཔ་ལས་ ཉེན་སྲུང་གི་ཐབས་ལམ་སྒྲིག་དགོཔ་འདུག་ཟེར་ཨིན་པས།
གློག་མེའི་རྒྱུན་ཐག་དང་ ཀཝ་ཚུ་ལུ་བརྟེན་ སོ་ནམ་པ་ཚུ་ ལཱ་འབད་ནི་ལུ་ སྟབས་མ་བདེཝ་ཐོན་པའི་ཁར་ ཉེན་ཁ་ཡང་ཐོན་དོ་ཡོདཔ་ལས་ དེ་ཚུ་ལུ་ འོས་འབབ་དང་ལྡནམ་སྦེ་ ཐབས་བྱུས་སྒྲིག་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement