༉ ཁ་ཙ་ འཇིགས་མེད་སེངྒེ་དབང་ཕྱུག་ཚོགས་བཤད་ལས་རིམ་ འགོ་འབྱེད་འབད་བའི་སྐབས་ ནོ་བེལ་ཞི་བདེའི་ གསོལ་རས་ཐོབ་མི་ ཀའི་ལཱཤ་ སཊ་ཡར་ཐི་གིས་ བཤད་མིའི་ནང་ འབྲུག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་ལུ་ གཞི་བཞག་སྟེ་ ཤེས་རིག་རིན་མེད་སྟོང་པ་སྦེ་ བྱིན་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཆེ་ཟེར་ཨིན་པས།
རྒྱ་གར་གྱི་ ནོ་བེལ་ཞི་བདེའི་ གསོལ་རས་ཐོབ་མི་དང་ འགྲོ་བ་མིའི་དབང་ཆ་ལུ་ བརྩོན་ཤུགས་བསྐྱེད་མི་ ཀའི་ལཱཤ་ སཊ་ཡལ་ཐི་གིས་ ཁོ་རའི་མི་ཚེ་འདི་ འཛམ་གླིང་ནང་ ཨ་ལུ་ཚུ་ལུ་ འཇར་རོགས་དང་ ལོག་སྤྱོད་འབད་མི་ཚུ་ལུ་ བརྩོན་ཤུགས་བསྐྱེད་ནི་དང་ རྒྱབ་སྐྱོར་འབད་དེ་ མཇུག་བསྡུ་ཡི་ཟེར་ཨིན་པས།
ཚོགས་བཤད་འགོ་འབྱེད་སྐབས་ལུ་ ཀའི་ལཱཤ་ སཊ་ཡལ་ཐི་གིས་ འཛམ་གླིང་འདི་ ལེགས་ཤོམ་བཟོ་ནིའི་དོན་ལུ་ ཤེས་རིག་གི་ཐོག་ལས་ སྙིང་རྗེ་བསྐྱེད་བཅུག་ནི་གི་ གལ་གནད་ཆེ་བའི་སྐོར་ལས་ གསལ་བཤད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ ནོ་བེལ་ཞི་བདེའི་ གསོལ་རས་ཐོབ་ཞིནམ་ལས་ཚུར་ ཁོ་གིས་ འཛམ་གླིང་ནང་ ཨ་ལུ་ཚུ་ལུ་ ལཱ་གཡོག་དང་ ལོག་སྤྱོད་འབད་མི་ལུ་ གདོང་ལེན་ཐོག་ ལཱ་འབད་ཡོདཔ་ད་ སྤྱི་ལོ་༢༠༠༤ ལུ་ ཁོ་གིས་ ནོ་བེལ་ཞི་བདེའི་ གསོལ་རས་ཐོབ་མི་དེ་ རྒྱ་གར་གྱི་ མི་ངོམ་༨ པ་ཨིན་པས།
ལྷོ་ཨེ་ཤི་ཡ་ལུ་ ཨ་ལོ་ཚུ་ལུ་ ལཱ་བཀོལ་མིའི་ཐད་ཁར་ ཁོ་གིས་ མི་ནག་ཚོང་འཐབ་མིའི་ སྙན་ཞུ་ནང་ དཔའ་རྩལ་ཅན་གྱི་ རྟགས་མ་ཐོབ་ཡོདཔ་ཨིན་པས།
ཀའི་ལཱཤ་ སཊ་ཡལ་ཐི་གིས་འབད་བ་ཅིན་ ཤེས་རིག་འདི་ མ་འོངས་པའི་དོན་ལུ་ ཤེས་རབ་ཀྱི་ བརྡ་སྟོན་མེ་སྦེ་ འོང་དགོ་ཟེར་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་༡༥༥ ནང་ ཤེས་རིག་གི་ཐོབ་དབང་དེ་ སྐྱེས་བའི་སྐབས་ལས་ར་ ཐོབ་དབང་ཅིག་ཨིན་པའི་ ངོས་འཛིན་འབད་ཡོདཔ་ཨིན་རུང་ རྒྱལ་ཁབ་མང་ཤོས་ཅིག་གིས་ དམིགས་ཡུལ་དེ་ ཧ་གོ་ནི་ལུ་ ལཱ་ཁག་རྐྱབ་སྟེ་འདུག་ཟེར་ཨིན་པས།
ཀའི་ལཱཤ་ སཊ་ཡལ་ཐི་གིས་ འབྲུག་རྒྱལ་ཁབ་ཀྱིས་ རིན་མེད་སྟོང་པ་སྦེ་ ཤེས་རིག་བྱིན་ནིའི་ ཁས་བླངས་འབད་མི་ལུ་ བསྟོད་བསྔགས་བརྗོད་ཡོདཔ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སིངྒེ་དབང་ཕྱུག་མཆོག་གི་ མཁྱེན་རྒྱ་ཆེ་བའི་དབུ་ཁྲིད་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ གཞི་བཙུགས་འབད་མི་ལུ་ བསྟོད་བསྔགས་ཕུལ་ཡོདཔ་ཨིན་པས།
ཁོ་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དཔེ་སྟོན་དབུ་ཁྲིདཔ་ཅིག་སྦེ་ བརྩིས་ཏེ་ཡོད་ཟེར་ཨིནམ་ད་ མི་དབང་མཆོག་གིས་འབད་རུང་ ཁོ་གིས་བཤད་མི་ཆོས་ཚུ་ ལག་ལེན་འཐབ་ཨིན་མས་ཟེར་ བཤད་ཡོདཔ་ད་ འདི་བཟུམ་མའི་ སྤུས་ཚད་དེ་ ད་རེས་ འགོ་ཁྲིདཔ་ཚུ་ལུ་ དཀོན་དྲགས་ཅིག་ཨིན་ཟེར་ཨིན་པས།
འཛམ་གླིང་ནང་ གདོང་ལེན་བྱུང་སྟེ་ཡོད་པའི་ གནད་དོན་ཚུ་ལུ་ གཙོ་བོར་བཏོན་ཏེ་ ཀའི་ལཱཤ་ སཏ་ཡར་ཐི་གིས་ གསལ་བཤད་འབད་མིའི་ནང་ ཨ་ལོ་ས་ཡ་༢༥༠ དེ་ཅིག་ ཤེས་ཡོན་སྦྱང་མ་ཚུགས་པའི་ཁར་ ཨ་ལུ་མང་ཤོས་ཅིག་ར་ ཨ་ལུའི་ལཱ་གཡོག་དང་ ནང་ཚོང་ནང་ ཉམས་རྒུད་བྱུང་སྟེ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཨ་ལོ་ས་ཡ་༤༦༨ དེ་ཅིག་ཡང་ དམག་འཁྲུག་ས་ཁོངས་ཚུ་ནང་ལས་ཕར་ བང་བཙོང་སྟེ་ གནས་སྤོ་བཏང་ཡོདཔ་ད་ རྒྱལ་སྤྱི་གིས་ ཤེས་ཡོན་བྱིན་ནི་ལུ་ རྩ་འགེངས་རུང་ ཤེས་རིག་གི་ གོ་སྐབས་བྱང་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཁབ་ཚུ་ལས་ གཅིག་མཐུན་བྱམས་བརྩེ་བསྐྱེད་པ་ཅིན་ དཀའ་ངལ་ཚུ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས། གཞུང་གིས་ ཤེས་རིག་ནང་ མ་རྩ་བཙུགས་ཏེ་ ཤེས་ཡོན་ཅན་གྱི་ མི་ངོམ་ཚུ་གི་ལག་པར་ མ་འོངས་པ་ལུ་ ཉེན་སྲུང་ཡོདཔ་ ངེས་བརྟན་བཟོ་དགོཔ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཁོ་གིས་ འབྲུག་གི་ ཤེས་རིག་ལས་སྡེ་ གོང་འཕེལ་འགྱོ་མི་ལུ་ ངལ་རངས་ཡོད་ཟེར་ སླབ་མ་ཚད་ མི་དབང་རིམ་བཞིན་དང་ གཞུང་གི་ཁ་ཐུག་ལས་ ཕན་འདེབས་འབད་མི་ལུ་ བརྩི་མཐོང་ཡོད་ཟེར་ བཤད་ཡོདཔ་མ་ཚད་ བྱམས་བརྩེའི་རྒྱལ་ཡོངས་ལམ་སྲོལ་ལུ་ གཙོ་རིམ་བཟུང་ནི་དང་ མ་འོངས་མི་རབས་ཚུ་གི་དོན་ལུ་ གོང་འཕེལ་གྱི་གནས་ཚད་ཚུ་ ཡར་དྲག་གཏང་དགོ་ཟེར་ བཤད་ཡོདཔ་ཨིན་པས།
ཀའི་ལཱཤ་ སཏ་ཡར་ཐི་གིས་ ཌི་ཇི་ཊཱལ་ཨང་ཅན་དང་ སློབ་ཁང་ཚུ་ནང་ བཅོས་རིག་གི་ དབང་ལུ་ཐལ་བའི་ ཉེན་ཁ་ཚུ་གི་སྐོར་ལས་ དྲན་སྐུལ་འབད་ཡོད་པའི་གནས་ཚུལ།
བཙན་སྐྱོགས་དབང་འདུས།