༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྫོང་ཁག་ཚུ་ནང་ལས་ཕར་ རྩིས་ཞིབ་བསྐྱིར་ཞིབ་འབདཝ་ད་ པདྨ་དགའ་ཚལ་རྫོང་ཁག་ནང་ རྩིས་རྙོག་མངམ་སྦེ་ཡོད་པའི་ གསལ་སྟོན་བྱུང་མི་དེ་ཡང་ རྩིས་དངུལ་ལག་ལེན་ ཚུལ་མཐུན་མ་འཐབ་མི་དང་ ངན་ལྷད་ དེ་ལས་ ཁྲིམས་མཐུན་ཐོག་ བསྟར་སྤྱོད་མ་འབད་བར་ འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༢༣-༢༤ གི་ རྩིས་ཞིབ་དབང་འཛིན་སྙན་ཞུའི་ནང་ ནོར་བུ་སྒང་རྒེད་འོག་ལུ་ ཨོམ་ཐོན་སྐྱེད་ལས་ཕྲན་ ལག་ལེན་པ་ ཛམ་བྷ་ལ་སོ་ནམ་སྡེ་ཚན་གྱིས་ ཨོམ་ཚོང་སྒྱུར་འཐབ་པའི་མ་དངུལ་ དངུལ་ཀྲམ་ས་ཡ་༤.༧༤ དེ་ ངོས་འཛིན་ཅན་གྱི་ རྩིས་ཁྲ་ནང་མ་བཙུགས་པར་ ངོ་རྐྱང་གི་རྩིས་ཁྲ་ནང་བཙུགས་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ ལག་ལེན་དེ་ འགན་འཁྲི་ཅན་དང་ དྭངས་གསལ་ཐོག་ལུ་ ལཱ་མ་འབད་བའི་ གནད་དོན་སྦོམ་ཤོས་ཅིག་སྦེ་ རྩིས་འཇོག་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༢ ཀྱི་སྐབས་ལུ་ ཨོམ་ཐོན་སྐྱེད་ལས་ཕྲན་གྱིས་ དངུལ་ཀྲམ་ས་ཡ་༡.༠༡ འབད་མི་མ་དངུལ་དེ་ སྣུམ་འཁོར་ཉམས་བཅོས་དང་ ས་སྣུམ་གྱི་དོན་ལུ་ བཏང་ཡོད་པའི་ དབྱེ་བ་ཁ་གསལ་ཚུ་ ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ འདི་བཟུམ་གྱི་ཡིག་ཆ་ ཁ་གསལ་མེད་མི་ལུ་བརྟེན་ རྩིས་ཞིབ་དབང་འཛིན་གྱིས་ འདི་དང་འབྲེལ་བ་ཡོད་མི་ཚུ་ལུ་ ཞིབ་དཔྱད་མཐིལ་ཕྱིན་འབད་དགོ་ནི་དང་ འགན་འཁྲི་ཚུ་ བཀལ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
རྫོང་ཁག་གི་ མི་སྡེ་ནགས་ཚལ་འཛིན་སྐྱོང་ནང་ལུ་ཡང་ ཚུལ་མིན་འབད་བའི་གནད་དོན་ ཁག་ལེ་ཤ་ཅིག་ ངོས་འཛིན་མ་འབད་བར་ བཞག་ཡོདཔ་སྦེ་ཨིན་པས།
མི་སྡེ་ནགས་ཚལ་སྡེ་ཚན་གྱིས་ ཚེ་གླིང་སྒོར་དང་ དགའ་མུང་གྲོང་སྡེ་ནགས་ཚལ་ཚུ་གིས་ སྐྱིན་འགྲུལ་བྱིན་པའི་སྐབས་ལུ་ ཡིག་ཆ་ཚུ་ ཚུལ་ལྡན་མེད་པའི་ཁར་ ལམ་སྟོན་ཚུ་ཡང་མེད་པར་ བྱིན་ནུག་ཟེར་ཨིནམ་ད་ དེ་ལས་ མི་སྡེ་ནགས་ཚལ་གྱི་ འཐུས་མི་ཚུ་ལུ་ སྐྱེད་ཀྱི་ཚད་གཞི་ གཅིག་མཚུངས་མེད་པར་ འཛིན་གྲོལ་འབད་མི་དང་ སྐྱིན་ཚབ་མ་བཏབ་པར་ཡོད་པའི་ གསལ་སྟོན་ཡང་ བྱུང་ཡོདཔ་ཨིན་པས།
ཕྱི་མུང་སྤང་ཐང་གི་ མི་སྡེ་ནགས་ཚལ་གྱིས་ ཤིང་ཚོང་སྒྱུར་འཐབ་པའི་ དངུལ་ཀྲམ་༡༩༠,༠༠༠ རྩིས་ཁ་བཀོད་དེ་མེདཔ་ད་ དངུལ་ཀྲམ་༥༢༠,༠༠༠ མི་སྡེ་ནགས་ཚལ་གྱི་ རྩིས་ཁ་ནང་ལས་ གནང་བ་མེད་པར་ བཏོན་འབག་མི་ཚུ་ རྒྱབ་རྟེན་ཡིག་ཆ་མེདཔ་སྦེ་ཨིན་པས།
ངང་ངམ་ཤིང་ ཕན་བདེ་རྒྱལ་སྲས་འཁྲུངས་སྐར་ མི་སྡེ་ནགས་ཚལ་གྱིས་ ཀྲི་སེལ་ལུ་ ས་ཆ་གླར་སྤྱོད་བྱིན་ཡོདཔ་ད་ དེ་ཡང་ གཞུང་ལས་གནང་བ་སོགས་ ག་ནི་ཡང་མ་ལེན་པར་ བྱིན་ནུག་ཟེར་ཨིནམ་ད་ རྩིས་ཞིབ་དབང་འཛིན་གྱིས་ དེ་ཚུ་ག་ར་ ཁྲིམས་མཐུན་བདེ་སྒྲིག་འབད་དགོ་པའི་ གྲོས་འདེབས་ཚུ་ འབད་ཡོདཔ་ཨིན་པས།
དེ་ལས་ སྐྱོང་ཤིང་དང་ བདེ་ཆེན་གླིང་ ནོར་བུ་སྒང་རྒེད་འོག་གི་ སོ་ནམ་ཞིང་ལམ་སེལ་མི་དེ་ དངུལ་ཀྲམ་ས་ཡ་༡.༤༧ གྱི་ ཚོད་རྩིས་བཏོན་པའི་ ཉོགས་ཟིང་ཡོདཔ་སྦེ་ཨིནམ་ད་ འདི་དང་འབྲེལ་ བཙོག་གཡུར་རིམ་ལུགས་ ལེགས་ལྡན་མེད་པའི་གུ་ གྱང་རྩིག་ཚུ་ཡང་ ལེགས་ཤོམ་མ་རྐྱབ་མ་ཚད་ ས་བཅད་ཀྱི་ལཱ་ཚུ་ ལེགས་ཤོམ་མ་འབད་བའི་ གསལ་སྟོན་བྱུང་ཡོདཔ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ གནད་དོན་འདི་ཚུ་ དབྱེ་སེལ་གང་མགྱོགས་འབད་ཞིནམ་ལས་ ཁ་གསལ་གྱི་སྙན་ཞུ་ཚུ་ དགོཔ་སྦེ་སླབ་ཡོདཔ་ཨིན་པས།
གཞན་ཡང་ གདུང་བསམ་རྩི་ས་ལས་འགུལ་ནང་ ཚུལ་མིན་འབད་བའི་ངོས་འཛིན་བྱུང་མི་དེ་ཡང་ གཞུང་ས་གླར་སྤྱོད་ཀྱི་ སྤྱོད་ཁྲལ་དངུལ་ཀྲམ་༣༦༠,༠༠༠ ལོ་བདུན་གྱི་རིང་ལུ་ མ་སྤྲོད་པའི་ཁར་ གླར་སྤྱོད་ཀྱི་ས་ཆའི་ཁྱབ་ཚད་དེ་ཡང་ ངེས་བདེན་མེན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྩིས་ཞིབ་དབང་འཛིན་གྱིས་ དངུལ་འབྲེལ་གྱི་སྒྲིག་གཞི་དང་ ཁྲིམས་དང་འཁྲིལ་ ངོས་ལེན་ཚུ་ དམ་དམ་འབད་དགོ་སྦེ་ སླབ་ཡོདཔ་ད་ དེ་ཁར་ མ་དངུལ་ཚུལ་མིན་སྤྱོད་མི་དང་ ཐབས་ལམ་གཞན་སྒྲིག་མི་ཚུ་ག་ར་ དངུལ་འབྲེལ་ཚུལ་མིན་འཛིན་སྐྱོང་འཐབ་པའི་ འགན་འཁྲི་འབག་དགོཔ་སྦེ་ གྲོས་འདེབས་འབད་ཡོད་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement