༉ གཞལམ་སྒང་རྫོང་ཁག་ པཱན་སྦང་ན་གཞོན་མཉམ་ལས་སྡེ་ཚན་གྱིས་ ལོ་ལྔའི་ཧེ་མར་ ཚོད་བསྲེ་འཛུགས་སྐྱོང་གི་ ལཱ་ འགོ་བཙུགས་ཡོདཔ་ད་ ད་རེས་འབདཝ་ད་ ཁོང་གིས་ མི་སྡེའི་ནང་ བཟའ་འཐུང་ཉེན་སྲུང་དང་ འཚོ་བ་རང་ལྡང་གི་དོན་ལུ་ སོ་ནམ་རྒྱ་སྐྱེད་འབད་དོ་ཡོདཔ་ཨིན་པས།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་ལྔ་གིས་ སྤྱི་ལོ་༢༠༡༩ ལུ་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་འབདཝ་ད་ སྡེ་ཚན་དེ་ནང་ ན་གཞོན་འཐུས་མི་༢༣ དེ་ཅིག་ ཡོདཔ་ཨིན་པས།
མཉམ་ལས་སྡེ་ཚན་གྱིས་ ལོ་ཐོག་སྣ་ཚོགས་སྦེ་ འཛུགས་སྐྱོང་འབད་དོ་ཡོདཔ་བཞིན་དུ་ དེ་ཁར་ ཚོད་བསྲེ་དང་ ཀོ་པི་ འབྲུ་སྣ་ ཨ་པི་མགུ་ཏོ་ རྒྱ་ནག་ཀོང་ཙེ་གི་རིགས་ཚུ་ ས་ཆ་ཨེ་ཀར་༡༤ གཞུང་ལས་གླ་ཁར་ལེན་ཏེ་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ ད་རུང་ མོ་བཏབ་བཟུམ་ཅིག་སྦེ་ ཡུ་ནེཊ་༡༥༠ འབད་མི་ ཆུར་བརྟེན་ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ལས་སྐྱིད་ཆོས་གྲུབ་ཀྱིས་ སོ་ནམ་གྱི་ལཱ་དེ་ གདམ་ཁ་ཅན་དང་ རང་གིས་ལཱ་འབད་དེ་ ལྷབ་སྦྱང་འབདཝ་ཨིན་ཟེར་ཨིནམ་ལས་ ང་བཅས་ཀྱིས་ རྒྱལ་ཡོངས་དང་ རྒྱལ་སྤྱི་ ས་གནས་ཚུ་ནང་ གྲོགས་རམ་འབད་མི་གིས་ འཚོ་བ་རང་ལྡང་བཟོ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་ཟེར་ཨིན་པས།
མཉམ་འབྲེལ་ལས་སྡེ་གིས་ ཚོད་བསྲེ་གི་རིགས་ཚུ་ པཱན་སྦང་སློབ་གྲྭ་ཆུང་བ་དང་ བསོད་ནམས་ཐང་སློབ་གྲྭ་ལྟེ་བ་ དགོན་སྡེ་ དེ་ལས་ ས་གནས་ཀྱི་མི་སྡེ་ཁག་ཚུ་ལུ་ བཀྲམ་སྤེལ་འབདཝ་ཨིན་ཟེར་ཨིན་པས།
ཚོང་འབྲེལ་འཐབ་ནི་ལུ་ གདོང་ལེན་མེད་ཟེར་ཨིནམ་ད་ ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ང་བཅས་ཀྱིས་ མཁོ་འདོད་འགྲུབ་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ དེ་ཡང་ གནམ་བྱཱར་ལུ་འབདཝ་ད་ ང་བཅས་ཀྱིས་ ཚོད་བསྲེ་ཚུ་ ཁ་མཐོ་ས་ཚུ་ནང་ལས་ ཉོ་དོ་ཡོད་མི་དེ་ཡང་ སྤ་རོ་ ཐིམ་ཕུག་ དབང་འདུས་ དེ་ལས་ མོང་སྒར་རྫོང་ཁག་ཚུ་ནང་ལས་ ལེན་དོ་ཡོདཔ་མ་ཚད་ གནམ་དགུན་སྐམ་པའི་དུས་ཚོད་ལུ་འབད་བ་ཅིན་ ཚོད་བསྲེ་བཀྲམ་སྤེལ་ལུ་ ཐོ་མི་ཕོག་ནིའི་དོན་ལུ་ ཟླཝ་གཉིས་ཀྱི་རིང་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།
ལས་སྐྱིད་ཆོས་གྲུབ་ཀྱིས་ ས་ཆ་ལྷག་ལུས་ཡོད་མི་ཚུ་ནང་ ད་རུང་ ཤིང་འབྲས་དང་ ཀོ་ཕི་འཛུགས་སྐྱོང་གི་དོན་ལུ་ རྒྱ་སྐྱེད་འབད་ནི་ ཨིན་ཟེར་ཨིནམ་ད་ ཀོ་པི་རྡོག་མ་བཏགས་ནི་ལུ་ དུས་ཡུན་ལོ་གསུམ་འགོར་དོ་ཡོདཔ་ད་ ཤིང་ལ་ལུ་ཅིག་གིས་ སང་ཕོད་ལས་ ཐོན་སྐྱེད་འབད་ནི་ འགོ་བཙུགས་ཚུགས་ནི་མས་ཟེར་ཨིནམ་ལས་ ང་བཅས་ཀྱིས་ འཕྲོ་མཐུད་དེ་ར་ ཐབས་བྱུས་གསརཔ་ཚུ་ གོ་སྐབས་ལེན་ཏེ་ ཡར་ཐོན་གྱི་དོན་ལུ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཚོད་བསྲེ་ཚུ་གིས་ ལྷན་ཐབས་ལུ་ སྡེ་ཚན་གྱིས་ བྱ་གསོ་སྐྱོང་འབད་དོ་ཡོད་མིའི་ནང་ བྱ་༢,༠༠༠ དེ་ཅིག་ཡོདཔ་ད་ མཉམ་འབྲེལ་ལས་སྡེ་གིས་ པཱན་སྦང་ གཞལམ་སྒང་ ངང་ལམ་ དགེ་ལེགས་ཕུག་ དེ་ལས་ ཐིམ་ཕུག་ཚུ་ནང་ སྒོང་རྡོག་ས་ཡ་༨ དེ་ཅིག་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ད་རུང་ སྡེ་ཚན་དེ་གིས་ ཆུ་རྫིང་གསུམ་ཡོད་མིའི་ནང་ ཉ་༢༨,༠༠༠ གསོ་སྐྱོང་འབད་དོ་ཡོདཔ་ད་ དེ་ཁར་ ཉ་རིགས་མ་འདྲཝ་ཚུ་ཡོད་པའི་གུ་ གསེར་ཉ་༢,༠༠༠ དེ་ཅིག་ཡང་ གསོ་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་ནི་ལུ་ གྲ་སྒྲིག་སོང་ཡོདཔ་སྦེ་ཨིན་པས།
མཉམ་འབྲེལ་ལས་སྡེ་གིས་ ལོ་བསྟར་དངུལ་ཀྲམ་ས་ཡ་༢ དང་༣ གྱི་བར་ན་ བཟོ་དོ་ཡོདཔ་ད་ ཆུར་བརྟེན་ཚོད་བསྲེ་གིས་ ད་རུང་ དངུལ་ཀྲམ་༢༥,༠༠༠ དེ་ཅིག་ ལྷན་ཐབས་འབད་ཚུགས་པའི་རེ་བ་ཡོདཔ་བཞིན་དུ་ འོང་འབབ་ལས་ དངུལ་ཕོགས་ཚུ་ སྤྲོད་པའི་མ་དངུལ་ལྷག་ལུས་ཚུ་ མཉམ་འབྲེལ་ལས་སྡེ་གིས་ གསོག་འཇོག་ནང་བཞག་སྟེ་ ལས་སྡེའི་ཉེན་སྲུང་མ་དངུལ་སྦེ་ བཙུགས་ཡོད་ཟེར་ཨིན་པས།
ལས་སྐྱིད་ཆོས་གྲུབ་ཀྱིས་ བཤད་མིའི་ནང་ ལས་སྡེ་དེ་ འགོ་བཙུགས་ཞིནམ་ལས་ མཉམ་འབྲེལ་ལས་སྡེ་གིས་ གཞི་རྟེན་མཁོ་ཆས་ལུ་ གཙོ་རིམ་སྒྲིག་ཅི་ཟེར་ཨིནམ་ད་ ང་བཅས་ཀྱིས་ གལ་སྲིད་ ཁེ་སང་ལེགས་ཤོམ་ཐོནམ་འདྲཝ་འབད་བ་ཅིན་ ཁེ་སང་སེམས་གསོའི་འཐུས་ཚུ་ བྱིན་ནིའི་འཆར་གཞི་ཡོད་ཟེར་ཨིན་རུང་ ད་ལྟོ་ འདི་ཚུ་འབད་མ་ཚུགས་ཟེར་ཨིནཔས།
མཉམ་འབྲེལ་སྡེ་ཚན་གྱིས་ བགོ་བཤའི་ཐོག་ལུ་ སོ་ནམ་ལཱ་འབད་དོ་ཡོད་མི་དེ་ སོ་ནམ་པ་ཚུགས་གིས་ གེ་ཟ་འཛུགས་སྐྱོང་འབད་ཞིནམ་ལས་ འདི་ཁ་ལས་ཐོན་མི་ཐོན་སྐྱེད་ཚུ་ བརྒྱ་ཆ་༣༠ མཉམ་འབྲེལ་སྡེ་ཚན་ལུ་ བྱིནམ་ཨིན་ཟེར་ཨིན་པས།
མཉམ་འབྲེལ་སྡེ་ཚན་ལུ་ གདོང་ལེན་སྦོམ་ཤོས་གཅིགཔོ་དེ་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་དེ་ཨིན་ཟེར་ཨིནམ་ད་ གློག་མེའི་ནུས་ཤུགས་ཀྱི་ ལྕགས་སྐུད་ར་བ་ཚུ་ བསྒོར་ཡོདཔ་མ་ཚད་ ལྕགས་སྐུད་དྲྭ་མིག་ཚུ་ཡང་ རྐྱབ་སྟེ་འབད་རུང་ རི་དྭགས་སེམས་ཅན་ལས་ སྲུང་སྐྱོབ་འབད་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ད་ དམིགས་བསལ་གྱི་ རི་ཕག་ཚུ་གིས་ ལོ་ཐོག་ལུ་ གནོད་པ་སྦོམ་ར་བཀལ་མི་ལུ་བརྟེན་ཨིན་པས།
ཧེ་མ་ འགོ་བཙུགས་པའི་སྐབས་ལུ་ ང་བཅས་ཀྱིས་ གློག་མེ་ནུས་ཤུགས་ཀྱི་ ལྕགས་ར་ཚུ་རྐྱབ་ཡོད་རུང་ རི་ཕག་ཚུ་ལུ་ ཐབས་བྱུས་དེ་གིས་ དེ་ཅིག་ར་ ལཱ་འབད་མ་བཏུབ་ལས་ ལྕགས་སྐུད་དྲ་མིག་གི་ ར་བ་དེ་གིས་ ཕན་ཐོགས་བྱུང་ཡོད་རུང་ བྱི་ཐུར་དང་ བྱི་ཙི་ཚུ་གིས་ ད་ལྟོའི་བར་ན་ཡང་ གནོདཔ་བཀལཝ་མས་ཟེར་ཨིན་པས།
རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་ལུ་ གཏན་འཇགས་ཀྱི་ ཐབས་ཤེས་ཅིག་ མིན་འདུག་ཟེར་ཨིནམ་ད་ ང་བཅས་ཀྱིས་ གེ་ཟ་འཛུགས་སྐྱོང་འབད་མི་ལས་ བརྒྱ་ཆ་༤༠ མ་གཏོགས་ བསྡུ་གསོག་འབད་མི་ཚུགས་པས་ཟེར་ཨིན་པས།
སོ་ནམ་ཞིང་དེ་ནང་ འཐུང་ཆུ་དང་སྦྲེལ་མཐུད་འབད་ཡོད་མི་དེ་ཡང་ ས་གནས་ཀི་ལོ་མི་ཊར་གཉིས་དེ་ཅིག་གི་ ས་ཁ་ལས་ ཆུ་གཡུར་བཏོན་ཏེ་འབད་མི་གིས་ ཆུ་ལངམ་སྦེ་ཡོད་པའི་གུ་ འཁོར་ལམ་ཡང་བཏོན་ཡོདཔ་ཨིན་པས།
འབྲུག་གཞི་ཚོགས་ཡུ་ཨེན་ཌི་པི་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ གནམ་གཤིས་སྔོ་ལྗང་མ་དངུལ་ རྫོང་ཁག་སོ་ནམ་སྡེ་ཚན་ཚུ་གིས་ མཉམ་ལས་སྡེ་ཚན་ལུ་ རྒྱབ་སྐྱོར་ཚུ་འབད་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།