༉ ཐིམ་ཕུག་ པཱམ་ཚོ་ལུ་ སྐྱེས་ལོ་༡༣ ལང་མི་བུམོ་ཅུང་ཅིག་ དམར་བསད་འབད་བའི་ཉེས་འཛུགས་ལུ་བརྟེན་ སྐྱེས་ལོ་༢༦ ལང་མི་ དོགས་པ་ཅན་ཕོ་སྐྱེས་ཅིག་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་འབད་ཡོདཔ་ད་ ཉམས་རྒུད་པའི་ཕུངམ་དེ་ བྱང་སྟོར་ཤོར་བའི་ དེ་གི་ནངས་པ་ ཉིན་མ་ཁམས་ཅིག་ཁར་ འཚོལ་ཐོབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ རྩོད་གཞི་དེ་ བདེན་དཔྱད་ཀྱི་རྒྱབ་ཁུངས་དང་ བུམོ་ཅུང་གི་བརླད་དོ་གུ་ལས་ཐོབ་མི་ ཁྲག་གི་དཔེ་ཚད་ཀྱི་ བརྟག་དཔྱད་གྲུབ་འབྲས་ཚུ་དང་སྦྲགས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ སྡེ་འཛིན་གོངམ་ རྣམ་རྒྱལ་གྱིས་ བཤད་མིའི་ནང་ དོགས་པ་ཅན་དེ་གིས་ བྱ་ངན་འབད་བའི་སྐོར་ ཁ་བཟེད་ཡི་ཟེར་ཨིན་པས།
སེམས་ཁམས་རིག་པའི་ ཞིབ་དཔྱད་ནང་འབད་བ་ཅིན་ དོགས་པ་ཅན་དེ་ འཕྲོད་བསྟེན་ཚུ་ ལེགས་ཤོམ་སྦེ་ར་ ཡོདཔ་སྦེ་ཨིན་པས།
དོགས་ཅན་དེ་གི་ ཁྲག་གི་དཔེ་ཚད་ཚུ་ གདངས་རས་ནང་དང་ སྤ་རོ་གི་ དམར་བསད་ནང་འབྲེལ་བ་ཡོད་པའི་ དོགས་པ་ལུ་བརྟེན་ ཡུ་ཀེ་ལུ་ བརྟག་དཔྱད་ཀྱི་དོན་ལུ་བཏང་ཡོདཔ་ད་ ད་ལྟོ་ ཁྲིམས་སྲུང་འགག་པ་ཚུ་ གྲུབ་འབྲས་ལུ་སྒུག་དོ་ཡོདཔ་ཨིན་པས།
དོགས་པ་ཅན་དེ་གིས་ གནད་དོན་གཞན་གཉིས་ནང་ འབྲེལ་བ་ཡོད་པའི་སྐོར་ལས་ ཁ་བཟེད་མ་བཏུབ་ཨིན་པས།
དོགས་པ་ཅན་དེ་ མོང་སྒར་ལས་ཨིནམ་ད་ ད་ལྟོ་ ཐིམ་ཕུག་ལུ་ ཚོང་ཁང་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།
སྡེ་འཛིན་གོངམ་ རྣམ་རྒྱལ་རྣམ་རྒྱལ་གྱིས་ དོགས་པ་ཅན་དེ་ ཧེ་མ་ཡང་ བྱ་ངན་འབད་པའི་གནས་ཐོ་ཡོདཔ་ད་ བུམ་ཐང་ལུ་ བྱ་སྤྱོད་ངན་པ་འབད་བའི་ ཉེས་འཛུགས་ཚུ་ བཀལ་ནུག་ཟེར་ཨིན་པས།

རྒྱབ་ཁུངས།
སྤྱི་ཟླ་༥ པའི་ཚེས་༢༣ ལུ་ ཉམས་རྒུད་པའི་ཨ་ཞེམོ་གིས་ ནུམོ་དེ་ བདེ་ཆེན་ཕུག་ལྷ་ཁང་མཇལ་བར་སོང་ཞིནམ་ལས་ ལོག་ལྷོད་ནི་མེད་མི་ལུ་བརྟེན་ སྙན་ཞུ་འབད་ཡོདཔ་ད་ ཉམས་རྒུད་པའི་ཕུངམ་དེ་ པཱམ་ཚོ་ལུ་ ཁྲིམས་སྲུང་འགག་པའི་ འཚོལ་ཞིབ་སྡེ་ཚན་གྱིས་ ནངས་པར་ཉིན་མ་ཁམས་ཅིག་ཁར་ ཐོབ་ཡོདཔ་ཨིན་པས།
ཕུངམ་ཞིབ་དཔྱད་འབདཝ་ད་ གཟུགས་ཁར་རྨ་དང་ མགུ་ཏོ་གུ་ རྨ་བཏོན་ཡོདཔ་ལས་ བྱ་ངན་འབད་བའི་གསལ་སྟོན་འབད་ཡོདཔ་ད་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ ཕུངམ་ཞིབ་དཔྱད་འབད་མི་གིས་འབད་བ་ཅིན་ ཉམས་རྒུདཔ་དེ་གིས་ ཕན་ཚུན་གདོང་ལེན་འབདཝ་ད་ ཁ་བསུབས་ཏེ་ དབུགས་གཏོང་ལེན་འབད་མ་ཚུགས་པར་ ཤི་ནུག་ཟེར་ཨིནམ་ད་ ད་རུང་ ཉམས་རྒུདཔ་དེ་གི་ མགུ་ཏོ་གུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དེ་ཚེ་ཉིན་མར་ཉམས་རྒུདཔ་དེ་གིས་ མོ་རའི་ཆ་རོགས་ཀྱི་ ཁྱིམ་ནང་སོང་བའི་སྐབས་སུ་ ཆ་རོགས་ཚུ་ ཧེ་མ་ལས་ ཡར་སོཔ་ལས་ མོ་ར་རྐྱངམ་གཅིག་སྦེ་ ལྷ་ཁང་མཇལ་བར་ སོང་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་གིས་ དོགས་པ་ཅན་དང་ཕྱད་པའི་སྐབས་ལུ་ ཕོ་སྐྱེས་དེ་ ལམ་ཟུར་གྱི་ རྩིགཔ་གུ་འཛེགས་ཏེ་ ཏམ་ཁུ་འཐུང་སྡོད་ཡོདཔ་ད་ ཁོང་གཉིས་ མི་ཊར་དག་པ་ཅིག་ ལམ་འགྱོ་བའི་ཤུལ་ལུ་ ཕོ་སྐྱེས་དེ་གིས་ ཉམས་རྒུདཔ་དེ་ ཚལ་མ་ནང་ འདྲུད་བདའ་ཡོདཔ་ཨིན་པས།
ཁོ་གིས་ བུམོ་གི་ཁ་ནང་ ཐལཝ་བླུགས་པའི་ཁར་ མགུ་ཏོ་གུ་ རྡོ་བླུགས་བྱིན་པའི་ཤུལ་ལུ་ ཨོལ་ལྐོག་བསྡམས་ཏེ་ བསད་ཞིནམ་ལས་ ཕོ་སྐྱེས་དེ་གིས་ ཉམས་རྒུད་པའི་ཕུངམ་དེ་ ཤིང་གུ་དཔྱངས་བཞག་སྦེ་ བྱོག་ཡར་སོཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་དེ་ པཱམ་ཚོ་གི་ པར་ཆས་སི་སི་ཊི་བི་ནང་ལས་ ངོས་འཛིན་འབད་ཚུགས་ཡོདཔ་ད་ དེ་ཡང་ ཁོ་གིས་ ཉམས་རྒུདཔ་དང་ གཅིག་ཁར་འགྱོ་བའི་ཤུལ་ལུ་ དུས་ཡུན་མ་རིངམོ་ཅིག་ལས་ ཁོ་ར་རྐྱངམ་གཅིག་སྦེ་ ལོག་འགྱོ་སར་ མཐོང་ཡོདཔ་ཨིན་པས།
རྐྱེན་ངན་དེ་བྱུང་ཞིནམ་ལས་ དོགས་པ་ཅན་དེ་གིས་ སྤ་རོ་ལུ་ བྱོག་སོང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༥ པའི་ཚེས་༣༠ གི་ ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ སྤ་རོ་ རམ་ཐང་ཀ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ སློབ་རིམ་༦ པའི་ནང་ དཔེ་ཆ་ལྷབ་མི་ཨིནམ་ད་ མོ་རའི་ཨའི་དང་ ཨ་ཁུ་དང་གཅིག་ཁར་ བདེ་ཆེན་ཆོས་གླིང་ལུ་ སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།

Advertisement