༉ རྒྱལ་ཁབ་ནང་ ཞི་རྩོད་དང་ ཚོང་འབྲེལ་རྩོད་འཛིན་གྱི་ ཁྲིམས་དོན་གནད་དོན་ སྦོམ་ཤོས་ཅིག་ཨིན་མི་ ཕ་འཇོ་དངོས་གྲུབ་ཀྱིས་ རྩོད་གཞི་༡༥ མཐོ་གཏུགས་འབད་ས་ལས་ མངོན་མཐོ་ཁྲིམས་འདུན་གྱིས་ རྩོད་གཞི་༡༤ མཇུག་བསྡུ་ཡོདཔ་ཨིན་པས།
རྩོད་གཞི་མཐོ་གཏུགས་༡༥ ཡོད་ས་ལས་ ཆེ་མཐོ་ཁྲིམས་འདུན་གྱི་འཁྲུན་ཆོད་༧ ལུ་ གཞི་བཟུང་འབད་བའི་ཁར་ རྩོད་གཞི་༦ ཕྱིར་བཏོན་འབད་ཡོདཔ་མ་ཚད་ རྩོད་གཞི་གཅིག་དེ་ ད་ལྟོ་ མཇུག་བསྡུ་མ་ཚུགས་པར་ཡོདཔ་ཨིན་པས།
འཁྲུན་ཆོད་ཀྱི་ རྩོད་གཞིའི་འབྲེལ་གནད་དེ་ཡང་ དངུལ་ཀྲམ་ས་ཡ་༢༣༢.༤༩ གི་ཐོག་ལུ་ ཡོདཔ་ཨིན་པས།
འཁྲུན་ཆོད་འདི་གི་ལྟར་དུ་འབདཝ་ད་ ཕ་འཇོ་དངོས་གྲུབ་ལུ་ ལས་སྡེ་ཁག་སོ་སོ་དང་འབྲེལ་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ དངུལ་ཀྲམ་ས་ཡ་༡༨༩.༤༡ སྤྲོད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ གཞན་མི་ཚུ་ལས་ དངུལ་ཀྲམ་ས་ཡ་༤༩.༢༣ ཐོབ་ལམ་ཡོདཔ་སྦེ་ཨིན་པས།
རྩོད་གཞི་ཚུ་ འགོ་བཙུགས་པའི་སྐབས་ལུ་ ཚོང་འབྲེལ་དངུལ་ཁང་གི་ སྐྱིན་འགྲུལ་དང་ ཞི་རྩོད་ཀྱི་གནད་དོན་ཚུ་ནང་ལས་ རྩོད་རྙོག་བྱུང་ཡོདཔ་བཞིན་དུ་ རྩོད་གཞི་ཁག་༤༠ དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཧེ་མ་ལས་ དབྱེ་བཤེར་མཛད་གནང་ཡོདཔ་ཨིན་པས།
ཕ་འཇོ་དངོས་གྲུབ་ཀྱི་ མཐོ་གཏུགས་ཀྱི་གནད་དོན་གཙོ་བོ་ཅིག་ ཁོ་རའི་རྒྱུ་དངོས་ཚུ་ ཚོང་སྒྱུར་འཐབ་ནི་ལུ་ཨིནམ་ད་ ཁོ་གིས་ རྩོད་རྙོག་བཙུགས་མི་དེ་ ཁོ་ལུ་ཡོད་པའི་རྒྱུ་དངོས་ཚུ་ ད་ལྟོ་ལག་ལེན་འཐབ་བཞིན་ཡོད་པའི་ ཚོང་སྒྱུར་གྱི་གོང་ཚད་ཐོག་ལུ་ གནད་འབྲེལ་འཐབ་དགོཔ་མ་གཏོགས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལམ་སྟོན་དང་འཁྲིལ་ མི་བཏུབ་ཟེར་ཨིན་རུང་ མངོན་མཐོ་ཁྲིམས་འདུན་གྱིས་ ཆེ་མཐོ་ཁྲིམས་འདུན་ལས་ གནང་བའི་འཁྲུན་ཆོད་ལུ་ གཞི་འཛིན་འབད་དེ་ ཁོ་གིས་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཕ་འཇོ་དངོས་གྲུབ་ཀྱི་ རྩོད་གཞི་ཁག་༤༠ བསྐྱར་ཞིབ་འབད་ཡོདཔ་ད་ དེ་ཚུ་གི་གྲས་ལས་ འཁྲུན་ཆོད་༡༢ ལུ་ གཞི་འཛིན་གནང་བའི་ཁར་༢༧ སྒྱུར་བཅོས་གནངམ་མ་ཚད་ རྩོད་གཞི་གཅིག་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༢༤ ཟླཝ་༦ གི་ ནང་འཁོད་འབད་མི་ལུ་ བཀའ་རྒྱ་གནང་མི་དང་འབྲེལ་ གྲོས་ཆོད་མང་ཤོས་ཅིག་ ཤུལ་ལས་ སྤྱི་ཟླ་༧ པ་ལས་༡༢ པ་ཚུན་འབད་མི་ལུ་ གཞི་བཟུང་འབད་ཡོདཔ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱིས་ ཞི་རྩོད་དང་ ཚོང་འབྲེལ་གྱི་ རྩོད་དོན་མང་ཤོས་ཅིག་ གྲོས་ཐག་བཅད་ཡོདཔ་ཨིན་རུང་ ཁྲིམས་འགལ་གྱི་གནད་དོན་ནང་ འབྲེལ་བ་ཡོད་མི་ཚུ་ ད་ལྟོ་ གྲོས་ཐག་མ་བཅད་པར་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ལུ་ ཕ་འཇོ་དངོས་གྲུབ་དེ་ ལོ་༢༡ དང་ཟླཝ་༡ ཞག་གྲངས་༢༧ བཙོན་ཁྲིམས་བཀལ་ཡོདཔ་ད་ དེ་གི་གྲས་ལས་ ལོ་༥ དང་ཟླཝ་༧ དེ་ ཁྲིམས་འཐུས་བཏབ་ཆོག་ནི་དང་ དེ་གི་ལྷག་ལུས་ ལོ་༡༥ དང་ཟླཝ་༥ དེ་ བཙོན་ཁྲིམས་སྨིན་དགོཔ་སྦེ་ཨིན་པས།
རྩོད་གཞི་འདི་དང་འབྲེལ་ གཞན་ཡང་ངོ་རྐྱང་༤༩ ལུ་ ཉེས་ཆད་ཕོག་མི་དེ་ དངུལ་ཁང་གི་ལས་བྱེདཔ་དང་ གཞུང་གི་ངོ་ཚབ་ དེ་ལས་ སྒེར་སྡེ་ཚུ་ཚུད་དོ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་ཡང་ འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་དང་ ཕུན་ཚོགས་གླིང་ཁྲོམ་སྡེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ འབྲུག་དངུལ་ཁང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ འབྲུག་པི་ཨེན་བི་ འབྲུག་རྒྱལ་ཡོངས་དངུལ་ཁང་ འབྲུག་གོང་འཕེལ་དངུལ་ཁང་ ཊི་བེངཀ་ རྒྱལ་གཞུང་འབྲུག་གི་འགག་སྡེ་ཚུ་ལུ་ ནང་གསུག་དང་ ཡིག་ཆ་རྫུས་མ་བཟོ་མི་ ཚུལ་མིན་བསྟར་སྤྱོད་འབད་མི་ལུ་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པའི་གནས་ཚུལ།
ཚེ་རིང་དབང་འདུས།