༉ དབང་འདུས་ཕོ་བྲང་ ཕངས་ཡུལ་དགོན་པ་ལས་ སྐྱེས་ལོ་༤༥ ལང་མི་ གསུམ་མཆོག་དཔལ་མོ་གིས་ དགའ་འཛུམ་དང་བཅསཔ་སྦེ་ གནམ་གཤིས་སྔོ་ལྗང་མ་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་ མ་ཕཱལ་ཌ་ ཌུར་ཊི་དེ་ འབྱ་ཞིང་ནང་ཁྱིད་ནུག།
དེ་བསྒང་ གསུམ་མཆོག་དཔལ་མོ་དེ་ ཞིང་ནང་ འབྱ་འཕུ་བའི་བསྒང་ཡོདཔ་ཨིན་པས།
ད་རེས་ གསུམ་མཆོག་དཔལ་མོ་གིས་ འབྱ་བསྡུ་གསོག་འབད་ཚུགས་མི་དེ་ ལོ་བཅུ་ཕྲག་༥ གི་རྒྱབ་ལས་ འགོ་དང་པ་ཨིན་པས།
སྐྱེས་ལོ་༨༨ ལང་མི་ མགོནམ་གིས་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ བཀོད་ཁྱབ་མདོ་ཆེན་དེ་ མོ་རའི་ཁྱིམ་ནང་ཁྱིད་དེ་ རེད་ཀྱི་ཐོན་ཤུགས་ཚུ་སྟོན་པའི་ཁར་ མི་ཚེ་གཅིག་གི་རིང་ ཞིང་ཆུ་མ་ལང་པའི་དཀའ་ངལ་ལུ་ བཟོད་བསྲན་འབད་དེ་ ཉིན་བསྟར་བཞིན་དུ་ རེ་བ་དང་ སྨོན་ལམ་བཏབ་མི་ཚུ་ ད་རེས་ དངོས་སུ་གྱུར་ཚུགས་ཅི་ཟེར་ མོ་གིས་ བཤདཔ་ཨིན་པས།
ཕངས་ཡུལ་ལུ་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ཞིང་ཆུ་དང་འབྲེལ་བའི་ གདོང་ལེན་བྱུང་མི་ལུ་བརྟེན་ གསུམ་མཆོག་དཔལ་མོ་དང་ ས་གནས་ཀྱི་ མི་སེར་ཚུ་གིས་ འབྲུ་སྣ་རིགས་ཀྱི་ ལཱ་འབད་མ་ཚུགསཔ་ཨིན་པས།
གཞུང་གིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་(ཡུ་ཨིན་ཊི་པི)དང་ གནམ་གཤིས་སྔོ་ལྗང་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ཀི་ལོ་མི་ཊར་༣༨ འབད་མི་ ཆུ་དུང་གི་ ཞིང་ཆུའི་གཡུར་བ་(ཕངས་ཡུལ་རྒེད་འོག་གི་དོན་ལུ་ ཀི་ལོ་མི་ཊར་༢༧ དང་ ཀ་བཞི་རྒེད་འོག་གི་དོན་ལུ་ ཀི་ལོ་མི་ཊར་༡༡) གཞི་བཙུགས་འབད་མི་དེ་གིས་ མི་སེར་ཚུ་གི་ དཀའ་ངལ་སེལ་ཐབས་འབད་ནུག།
ཞིང་ཆུའི་མཐུན་རྐྱེན་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༥༠.༩༩ (ཡུ་ཨེསི་ཌོ་ལར་) བཏང་ཐོག་ལས་ རྐྱབ་ཡོདཔ་ད་ དེ་གིས་ ཕངས་ཡུལ་གྱི་ སོ་ནམ་པའི་མི་ཚེ་དང་ འཚོ་བའི་གནས་སྟངས་ གཞི་སྒྱུར་འབད་ནི་ལུ་ ལྷན་ཐབས་འབད་བའི་ཁར་ ཁོང་རའི་འབྱ་ཞིང་ཚུ་ བཟའ་སྤྱོད་འབད་མ་མ་ཚུགས་པར་ ཡུན་རིངམོ་སྦེ་ བཞག་མི་ཚུ་ཡང་ ལོག་ལག་ལེན་འཐབ་ཚུགས་ཏེ་ ཡོདཔ་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ ད་རེས་ དེ་བཟུམ་བྱུང་ཚུགས་མི་དེ་ འབྲུག་གཞུང་དང་ ཡུན་ཨིན་ཊི་པི་བར་ན་ མཉམ་འབྲེལ་འབད་བའི་ གྲུབ་འབྲས་ཅིག་ཨིནམ་ལས་ སྤྲོ་སྣང་སྦོམ་ བྱུང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཞིང་ཆུ་བཀྲམ་འབད་མི་གིས་ སོ་ནམ་པ་ཚུ་ལུ་ ཁེ་ཕན་སྦོམ་ བྱུང་ཡོདཔ་ད་ ད་རེས་ནངས་པ་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་དང་ འབྱ་གི་ལཱ་འབད་དེ་ བཟའ་སྤྱོད་འབད་ནི་གིས་མ་དོ་བར་ ཚོང་འབྲེལ་འཐབ་སྟེ་ འོང་འབབ་བཟོ་སྟེ་ འདུག་ཟེར་ཨིན་པས།
ཞིང་ཆུ་གིས་ ཀ་བཞི་དང་ ཕངས་ཡུལ་རྒེད་འོག་གི་ ཁྱིམ་གུང་པ་༢༨༥ གི་ སོ་ནམ་པ་༢,༤༥༨ ལུ་ ས་ཆ་ཨེ་ཀར་༡༢༤༡ ནང་ འབྱ་ལཱ་འབད་ནི་གི་ ལྷན་ཐབས་འབད་དེ་ ཡོདཔ་ཨིན་པས།ཝ
ཕངས་ཡུལ་ཞིང་ཆུ་གཡུར་བ་དེ་ རྫོང་ཁག་༨ ནང་ ཞིང་ཆུ་གཡུར་བ་༣༦ རྐྱབ་མི་གྲས་ལས་ སྦོམ་ཤོས་ཅིག་ཨིན་པས།
འཛམ་གླིང་རྒྱལ་སྤྱིའི་གོང་འཕེལ་ལས་རིམ་ (ཡུ་ཨེན་ཌི་པི) དང་ མཉམ་འབྲེལ་མ་དངུལ་གྱི་ འཕྲུལ་རིག་རྒྱབ་སྐྱོར་ཐོག་ལས་ རྒྱབ་ཡོདཔ་ད་ ལས་འགུལ་དེ་ གཞུང་དང་ གནམ་གཤིས་སྔོ་ལྗང་མ་དངུལ་ (ཇི་སི་ཨེཕ) གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པའི་གནས་ཚུལ།
བཅོ་ལྔ་ལྷམོ་དང་ ཨ་ནི་ཤ་རའེ།