༉ དུས་ཅི་ རྒྱལ་ཁབ་ནང་ ཚོང་འབྲེལ་ཚད་འཛིན་གནས་སྟངས་ བསྐྱར་ཞིབ་འབད་བའི་སྐབས་ ལས་སྡེ་ཁག་ཚུ་ནང་ སྟབས་མ་བདེཝ་ལེ་ཤ་ཡོད་མི་ལུ་བརྟེན་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ ཐོ་ཕོག་ཡོད་པའི་ མངོན་གསལ་བྱུང་ནུག།
བསྐྱར་ཞིབ་ནང་ ཚོང་འབྲེལ་ཚད་འཛིན་ནང་འཁོད་ལུ་ གནད་དོན་༢༣༥ དབྱེ་དཔྱད་དང་ དབྱེ་ཞིབ་འབད་མི་ཚུ་གི་གྲས་ལས་ གནད་དོན་༣༡ ཆོག་ཐམ་དང་ གནང་བ་བྱིན་ནིའི་ལམ་ལུགས་དང་ ཁྲལ་གྱི་སྲིད་བྱུས་དང་ དངུལ་འབྲེལ་དང་འབྲེལ་བའི་གནད་དོན་༣༧ དེ་ལས་ ཞབས་ཏོག་སྐྱེལ་སྤྲོད་གནས་ཚད་ཀྱི་ གནད་དོན་༢༧ ཡོདཔ་ཨིན་པས།
དེ་ལས་ གནད་དོན་༡༦ སྤུས་ཚད་འཛིན་སྐྱོང་ལམ་ལུགས་དང་ དངུལ་འབྲེལ་ཐོབ་སྤྱོད་ གནད་དོན་༡༣ ཡོདཔ་ཨིན་པས།
བསྐྱར་ཞིབ་དེ་ སྔོ་ལྗང་འགྱུར་བགྲོད་མཉམ་ལསའ་གུལ་དང་ འབྲུག་ཚོང་དང་བཟོ་གྲྭ་ཚོངས་དང་ མཉམ་འབྲེལ་ཐོག་ལས་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གནད་དོན་བརྒྱ་ཆ་༧༩ དེ་ཅིག་ སྒེར་སྡེ་གིས་ བཤད་ཡོདཔ་ཨིན་པས།
སྲིད་བྱུས་ནང་ གདོང་ལེན་གཙོ་ཅན།
སྒེར་སྡེ་ཚུ་དང་ གྲོས་བསྟུན་འབད་བའི་སྐབས་ གནད་དོན་༣ ངོས་འཛིན་འབད་མི་ཚུ་ཡང་ སྤྱིར་བཏང་ དཔལ་འབྱོར་གོང་འཕེལ་སྲིད་བྱུས་དང་ ཚོང་འབྲེལ་ཚད་འཛིན་བྱ་རིམ་ དེ་ལས་ སྒེར་སྡེ་གོང་འཕེལ་དང་འབྲེལ་བའི་ སྲིད་བྱུས་ཀྱི་ བྱ་སྒོ་ཚུ་ཨིན་པས།
སྤྱིར་བཏང་དཔལ་འབྱོར་གོང་འཕེལ་སྲིད་བྱུས་འོག་ལུ་ བསྐྱར་ཞིབ་སྲིད་བྱུས་ནང་ དཔལ་འབྱོར་གོང་འཕེལ་སྲིད་བྱུས་༢༠༡༦ དང་ འབྲུག་གི་སེམས་ཤུགས་མཐུན་རྐྱེན་བོའ་ཁྲིམས་༢༠༢༡ ཕྱིའི་མ་རྩ་གཞི་བཙུགས་སྲིད་བྱུས་༢༠༡༩ མི་དམངས་སྒེར་སྡེ་མཉམ་འབྲེལ་སྲིད་བྱུས་༢༠༡༦ ནང་བཟོ་དང་བཟོ་གྲྭ་ཆུང་བ་སྲིད་བྱུས་༢༠༡༩ རྒྱལ་ཡོངས་དོ་འགྲན་སྲིད་བྱུས་༢༠༢༠ དེ་ལས་ གཞུང་དབང་ཚེོང་ལས་ཚུ་ཨིན་པས།
དཔལ་འབྱོར་གོང་འཕེལ་སྲིད་བྱུས་༢༠༡༦ ཅན་མའི་ནང་ ཚོང་འབྲེལ་བ་ཚུ་ ཚོང་ལམ་ཐོབ་སྤྱོད་དང་ གཞི་རྟེན་མཐུན་རྐྱེན་ ལམ་ལུགས་མགུ་རྙོག་དྲགས་ དེ་ལས་ རིག་རྩལ་མེད་མི་དང་འབྲེལ་བའི་ དཀའ་ངལ་ཚུ་ བྱུང་སྟེ་་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་སེམས་ཤུགས་མཐུན་རྐྱེན་བཅའ་ཁྲིམས་༢༠༢༡ འོག་ལུ་ བདག་སྐྱོང་ལྕོགས་གྲུབ་མེདཔ་ལས་ དྭངས་གསལ་དང་ མཉམ་འབྲེལ་གོང་འཕེལ་གཏང་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ཕྱིའི་མ་རྩ་གཞི་བཙུགས་སྲིད་བྱུས་༢༠༡༩ ཅན་མའི་ནང་ གནང་བ་ལེན་ནི་ལུ་ མགུ་རྙོགས་དྲགས་དང་ བགོ་བཤའ་འདྲ་མཉམ་དམ་འཛིན་ ཉུང་མཐའ་མ་རྩ་གཞི་བཙུགས་ཚད་གཞི་ རྒྱུན་འགྲུལ་གྱི་དཀའ་ངལ་ དེ་ལས་ རྒྱལ་ཁབ་ཀྱི་ མིང་གཏམ་ཚད་གཅིག་ལས་བརྒལ་མེད་པའི་ དཀའ་ངལ་ཚུ་ བྱུང་དོ་ཡོདཔ་ཨིན་པས།
བསྐྱར་ཞིབ་འབད་མིའི་ནང་ གནད་དོན་དེ་ལུ་བརྟེན་ ཕྱིའི་མ་རྩ་གཞི་བཙུགས་ཡར་དྲག་གཏང་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ལས་ མ་རྩ་གཞི་བཙུགས་འབད་ནི་གི་ གནས་སྟངས་ལེགས་ཤོམ་བཟོ་ཐབས་ལུ་ སྲིད་བྱུས་བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
མི་དམངས་སྒེར་སྡེ་མཉམ་འབྲེལ་སྲིད་བྱུས་༢༠༡༦ ཅན་མའི་ནང་ གནང་བ་འགྲུབ་ནི་བྱ་རིམ་ཕྱིས་མི་དང་ དངུལ་འབྲེལ་གདམ་ཁ་ཚད་གཅིག་ལས་བརྒལ་མེད་མི་ ཚོང་ལམ་ཆུང་ཀུ་ དེ་ལས་ མ་རྩ་གཞི་བཙུགས་འབད་མི་ཚུ་ སེམས་ཤུགས་བྱིན་ནི་ལུ་ གོ་སྐབས་མངམ་ མེདཔ་ཨིན་པས།
ནང་བཟོ་དང་བཟོ་གྲྭ་ཆུང་བའི་སྲིད་བྱུས་༢༠༡༩ ནང་ དངུལ་འབྲེལ་ཐོབ་སྤྱོད་ཚད་ཅིག་རྐྱངམ་གཅིག་ཡོད་པའི་ཁར་ འཕྲུལ་རིག་དུས་རྫོགས་མི་དང་ བཀྲམ་སྤེལ་འབད་མི་ལམ་ལུགས་ ལེགས་ཤོམ་མེད་མི་ ནང་འདྲེན་དོ་འགྲན་ ཚོང་ལམ་རྒྱུན་གཏན་མེད་མི་ དེ་ལས་ ཕྱིར་ཚོང་འབད་ནི་ལུ་ རྒྱབ་སྐྱོར་ལངམ་སྦེ་ མེདཔ་ཨིན་པས།
བསྐྱར་ཞིབ་འབད་བའི་སྐབས་ རྒྱལ་ཡོངས་དོ་འགྲན་སྲིད་བྱུས་༢༠༢༠ ཅན་མའི་ནང་ གཞུང་དབང་ལས་འཛིན་ཚུ་ ཁེ་ཕན་འདྲ་མཉམ་མེདཔ་ལས་ སྒེར་སྡེ་ཚུ་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན་པས།
ཚོང་འབྲེལ་ཚད་འཛིན་ལམ་ལུགས་དེ་ ཁ་གསལ་སྦེ་ དབྱེ་ཞིབ་འབད་བའི་སྐབས་ ལྷག་པར་དུ་ གདོང་ལེན་ལེ་ཤ་ཡོདཔ་སྦེ་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ཆོག་ཐམ་དང་ གནང་བ་བྱིན་ནི་ལུ་ གཅིག་མཚུངས་དང་ ལྕོགས་གྲུབ་མེད་མི་ དེ་ལས་ ཚོང་འབྲེལ་ལག་ལེན་ལུ་ འཐུས་ལེ་ཤ་ཡོདཔ་ལས་ དམིགས་བསལ་དུ་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་བྱེདཔ་དང་ལས་མིའི་བཅའ་ཡིག་དེ་ སྟབས་མ་བདེཝ་ཡོདཔ་ད་ ཕྱིའི་ལས་མི་ནང་འདྲེན་འབད་ནི་ལུ་ ལམ་ལུགས་དམ་སྒྲིང་ཡོདཔ་ལས་ རིག་རྩལ་དང་ལྡན་པའི་ ལས་མི་མ་ལང་པའི་ དཀའ་ངལ་ཚུ་ ཐོན་དོ་ཡོདཔ་ཨིན་པས།
ཁྲལ་དང་འབྲེལ་བའི་ གནད་དོན་དེ་གིས་ཡང་ ཚ་གྱང་སྦོམ་ཡོདཔ་བཞིན་དུ་ ཁྲལ་སེམས་ཤུགས་དྭངས་གསལ་མེད་མི་དང་ དབྱེ་ཞིབ་འབད་ནི་ བྱ་རིམ་རིངམོ་ཡོད་མི་ དེ་ལས་ ཕྱིའི་བརྗེ་སོར་བཅའ་ཡིག་ དམ་དྲགས་ཡོད་མི་གིས་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
མཁོ་སྒྲུབ་ལས་སྡེ་ནང་ དྭངས་གསལ་དང་ འོས་འབབ་མེད་པའི་ དུས་ཚོད་ཚུ་གིས་ཡང་ ཚོང་འབྲེལ་གོང་འཕེལ་གཏང་ནི་ལུ་ བར་ཆད་བྱུང་ཡོདཔ་སྦེ་ ངོས་འཛིན་འབད་དེ་ ཡོདཔ་ཨིན་པས།
གདོང་ལེན་ཆེ་ཤོས་གཅིགཔོ་དེ་ གཏའ་མ་བཙུགས་ནི་གི་ ལམ་ལུགས་སྒྲིང་སྒྲི་ཡོད་མི་དང་ ཚོང་ལས་ཆུང་བ་དང་ བར་མ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ལུ་ སྐྱིན་འགྲུལ་གྱི་ ལམ་ལུགས་མེདཔ་བཟོ་མི་གིས་ དངུལ་འབྲེལ་དང་འབྲེལ་བའི་ གདོང་ལེན་བྱུང་སྟེ་ ཡོདཔ་ཨིན་པས།
ནང་འཁོད་དང་ རྒྱལ་སྤྱི་༢ ཆ་ར་ལུ་ ཚོང་ལམ་གྱི་ གནད་དོན་ཐོན་ཏེ་ ཡོདཔ་ཨིན་པས།
ས་ཆ་གླར་སྤྱོད་དང་ མི་མང་གཞི་རྟེན་མེད་གིས་ དཀའ་ངལ་བྱུང་མི་གིས་ སོ་ནམ་ལས་སྣ་དང་ ཚོང་འབྲེལ་ཞབས་ཏོག་ རྒྱུན་ཐག་ལག་ལེན་འཐབ་མི་ཚུ་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན་པས།
གྲོས་འདེབས།
བསྐྱར་ཞིབ་སྙན་ཞུ་ནང་ སྲིད་བྱུས་བཟོ་ནི་གི་ བྱ་རིམ་ཚུ་ མངམ་བཙུགས་དགོཔ་ད་ དེ་ནང་ ཕན་གནོད་ཚད་འཛིན་དབྱེ་ཞིབ་གཙོ་རིམ་བཟུང་ནི་དང་ གཞུང་དང་ སྒེར་སྡེ་བར་ན་ མཉམ་འབྲེལ་ལེགས་ཤོམ་དགོ་པའི་ གྲོས་འདེབས་བཀོད་དེ་ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་མང་གྲོས་བསྟུན་འབད་ནི་ལུ་ གཙོ་རིམ་བཟུང་སྟེ་ ཕན་གནོད་དབྱེ་ཞིབ་ཡོངས་རྫོགས་འབད་ནི་དང་ དངུལ་འབྲེལ་ཐོབ་སྤྱོད་ ཡར་དྲག་གཏང་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
སྙན་ཞུ་ནང་ ཚོང་ལམ་གྱི་ གོ་སྐབས་རྒྱ་སྐྱེད་འབད་ནི་དང་ བཅའ་ཡིག་ཚུ་ གཅིག་མཚུངས་སྦེ་ བསྟར་སྤྱོད་འབད་ནི་ དེ་ལས་ སྟབས་མ་བདེ་ཡོད་པའི་ བྱ་རིམ་ཚུ་ ཡར་དྲ་གཏང་དགོཔ་འདུག་ཟེར་ཨིན་པས།
རིག་རྩལ་གོང་འཕེལ་རྩོལ་སྒྲུབ་ སྒྲིང་སྒྲི་བཟོ་ནི་དང་ ཚོང་འབྲེལ་གནས་སྟངས་ཡར་དྲག་གཏང་ནི་ལུ་ ཚོང་འབྲེལ་གྱི་དཀའ་ངལ་ཚུ་ སེལ་ཐབས་འབད་དགོ་པའི་ གྲོས་འདེབས་བཀོད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

Advertisement