༉ སྤུ་ན་ཁ་ལུ་ ཀེ་བ་གི་ཚོང་འབྲེལ་འཐབ་མི་ཚུ་ དུས་ཅི་འབད་བ་ཅིན་ འདས་པའི་ལོ་༢ དང་ཕྱདཔ་ད་ མཁོ་འདོད་བཀོད་མི་མང་སུ་ཐོན་དོ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་འབད་བ་ཅིན་ ཀེ་བ་གི་གོང་ཚད་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ འཕྲལ་ཁམས་ཅིག་ཁར་ གོང་ཚད་གསལ་བསྒྲགས་འབད་མིའི་ནང་ ཀེ་བ་སྦོམ་ཆུང་རན་ཏོག་ཏོ་འབད་མི་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༥༠ རེ་དང་ ཆུང་ཀུ་ལུ་ དངུལ་ཀྲམ་༤༩ དེ་ལས་ ཀེ་བ་སྦོམ་ཚུ་ལུ་ དངུལ་ཀྲམ་༤༠ རེ་སྦེ་ བཀོད་ཡོདཔ་ཨིན་པས།
འདི་བཟུམ་གྱི་ མཁོ་འདོད་བཀོད་མི་དེ་ ཀེ་བ་ཆུང་ཀུ་དང་ རན་ཏོག་ཏོ་འབད་མི་ཚུ་ལུ་ གོང་ཚད་མཐོ་ཤོས་ཐོབ་དོ་ཡོདཔ་ད་ དེ་ཡང་ རྒྱ་གར་ལུ་ ཀེ་བའི་སོན་འཚོལ་དོ་ཡོད་མི་དང་བསྟུན་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ སྔོན་བཤད་འབད་མིའི་ནང་ གོང་ཚད་དེ་ སྤྱི་ཟླ་༡༠ པ་ མཇུག་མ་བསྡུ་ཚུན་ ཡར་སེང་ཐོག་སྡོད་ནི་ཨིནམ་ལས་ སོ་ནམ་པ་ཚུ་གིས་ ཀེ་བ་བརྐོ་ནི་ལུ་ གོ་སྐབས་ལེན་དགོཔ་ཨིན་པས།
ལས་འཛིན་གྱིས་འབད་བ་ཅིན་ འདི་བཟུམ་གྱི་ དུས་ཅི་ཀེ་བ་གི་གོང་ཚད་ ཡར་སེང་འགྱོ་མི་དེ་ རྒྱ་གར་ལུ་ ཀེ་བ་ཐོན་སྐྱེད་ལེགས་ཤོམ་མེད་མི་ལུ་བརྟེན་ ཨིན་མས་ཟེར་ཨིནམ་ད་ སྤྱི་ཟླ་༡༠ པའི་ཟླ་ཕྱེད་ལས་ སྤྱི་ཟླ་༡༡ པ་མཇུག་མ་བསྡུ་ཚུན་ རྒྱ་གར་ལུ་ ཀེ་བ་གི་སོན་འཚོལ་བའི་ དུས་ཚོད་ཨིནམ་བཞིན་དུ་ ས་ཁ་མཐོ་ས་ལུ་ འཛུགས་སྐྱོང་འབད་མི་སོན་ཚུ་ ས་ཁ་དམའ་ས་ལུ་ བཙུགས་པ་ཅིན་ ཐོན་ཤུགས་ལེགས་ཤོམ་འོང་དོ་ཡོད་མི་ལུ་བརྟེན་ ཀེ་བ་རན་ཏོག་ཏོ་འབད་མི་དང་ ཆུང་ཀུ་ཚུ་ལུ་ མཁོ་འདོད་སྦོམ་བཀོདཔ་མས་ཟེར་ འགོ་དཔོན་གྱི་བཤདཔ་ཨིན་པས།
ལོ་བསྟར་གྱི་ ཀེ་བའི་ཚོང་སྒྱུར་དེ་ སྤྱི་ཟླ་༦ པའི་ཚེས་༡ ལས་འགོ་བཙུགས་ སྤྱི་ཟླ་༡༢ པའི་བདུན་ཕྲག་གཉིས་པ་ཚུན་ བཞག་དོ་ཡོདཔ་ད་ ད་ཚུན་ལུ་ ཕུན་ཚོགས་གླིང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ཚོང་སྒྱུར་ཁང་ནང་ལས་ ཀེ་བ་མེ་ཊིག་ཊཱོན་༦,༩༠༠ ཚོང་སྒྱུར་འཐབ་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ དབང་འདུས་སོ་ནམ་པ་༨༧༨ ཀྱིས་ ཕུན་ཚོགས་གླིང་ ཀེ་བའི་ཚོང་སྒྱུར་ཁང་ནང་ ཀེ་བ་མེ་ཊིག་ཊཱོན་༨,༨༧༥ ཚོང་སྒྱུར་འཐབ་མི་ནང་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ རེ་སྦེ་ ཚོང་སྒྱུར་འཐབ་ཡོདཔ་ད་ དེ་གིས་ ལོ་བསྟར་ལུ་འབད་བ་ཅིན་ ནང་འཁོད་ཚོང་སྒྱུར་འཐབ་མི་ཚུ་མ་བརྩིས་བར་ དངུལ་ཀྲམ་ས་ཡ་༡༣༣.༡༢༩ དེ་ཅིག་གི་རྩིས་ འོང་འབབ་བཟོ་ཡོདཔ་ཨིན་པས།
འབྲུག་གི་ས་གནས་ ཀེ་བ་མངམ་འཛུགས་སྐྱོང་འབད་མི་ཚུ་གིས་ སྤྱི་ལོ་༢༠༢༢ ལུ་ ཀེ་བ་ཉུང་སུ་ཅིག་མ་གཏོགས་ བསྡུ་གསོག་འབད་མ་ཚུགསཔ་ད་ དེ་ཚུ་གི་གྲས་ལས་ དབང་འདུས་དེ་ ཀེ་བ་འཛུགས་སྐྱོང་འབད་མི་ མཐོ་ཤོས་ཨིནམ་བཞིན་དུ་ ཀེ་བ་མེ་ཊིག་ཊཱོན་༡༠,༣༢༣ བསྡུ་གསོག་འབད་མི་གིས་ སྤྱི་ལོ་༢༠༢༡ དང་ཕྱདཔ་ད་ མེ་ཊིག་ཊཱོན་༥༨༣ མར་བབས་སོང་ཡོདཔ་སྦེ་ཨིན་པས།
སྒང་སྟེང་རྒཔོ་ ཀུན་ལེགས་རྒྱལ་མཚན་གྱིས་ བཤད་མིའི་ནང་ སོ་ནམ་པ་ཚུ་ ན་ཧིང་གོང་ཚད་ལེགས་ཤོམ་ཐོབ་མ་ཚུགས་པར་ རྒུད་ཕོག་ཡོད་རུང་ དུས་ཅི་གོང་ཚད་ལེགས་ཤོམ་འདུག་ཟེར་ཨིནམ་ད་ དུས་ཅི་གི་ཀེ་བའི་སྤུས་ཚད་དེ་ ཧ་ལམ་ཅིག་ལས་མེད་རུང་ གོང་ཚད་ལེགས་ཤོམ་ཐོབ་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ མཁོ་འདོད་བཀོད་མི་ མང་སུ་འཐོན་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ དུས་ཅི་ ཀེ་བའི་ཐོན་ཤུགས་ཉུང་སུ་ཅིག་ལས་མེད་མི་དེ་ ཀེ་བ་མང་ཤོས་ཅིག་ བ་མོ་གིས་ བཤུར་བཏང་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་དོན་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ སྒང་སྟེང་ལུ་ ཀེ་བའི་ཚོང་སྒྱུར་ལྟེ་བ་ཅིག་ གཞི་བཙུགས་འབད་ཡོདཔ་ད་ འབྲུག་གཞུང་དང་ ཡུ་ཨེན་ཌི་པི་ ཨེཕ་ཨེ་ཨོ་ དེ་ལས་ ཇི་ཨི་ཨེཕ་ཚུ་མཉམ་འབྲེལ་ཐོག་ལས་ དངུལ་ཀྲམ་ས་ཡ་༧༥.༦༧ བཙུགས་ཡོདཔ་ཨིན་པས།
མཐུན་རྐྱེན་དེ་གིས་ ཀེ་བ་ཆུ་འཁྱུ་ནི་དང་ བསྐམ་ནི་ ཕྱིར་བསལ་རྐྱབ་ནི་ལ་སོགས་པ་ཚུ་ འབད་ཚུགས་དོ་ཡོདཔ་ལས་ ལྟེ་བ་དེ་གིས་ སྒང་སྟེང་དང་ ཕོབ་སྦྱིས་ཁ་ སྲས་ཕུག་ དེ་ལས་ རུས་བལ་ས་གི་མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་ར་ བྱུང་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་ ཧེ་མ་བཟུམ་སྦེ་ ཀེ་བ་ཕྱིར་བསལ་རྐྱབ་མི་ ལས་མི་༡༥ དེ་རེ་ འཚོལ་དགོཔ་ཡོད་མི་དེ་ ད་རེས་ འཕྲུལ་ཆས་ལུ་བརྟེན་ དེ་ཚུ་དགོཔ་མེདཔ་ད་ ཧེ་མ་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ གླ་ཆ་དངུལ་ཀྲམ་༧,༥༠༠ དེ་རེ་ སྤྲོད་དགོ་ཟེར་ཨིན་པས།
ལྟེ་བ་གིས་འབད་བ་ཅིན་ ཕྱི་སེལ་གྱི་དོན་ལུ་ ཀེ་བ་དོས་རེ་ལུ་ དངུལ་ཀྲམ་༡༠ རེ་འབདཝ་ད་ སྣུམ་འཁོར་ཌི་སི་ཨེམ་ཅིག་ལུ་ དངུལ་ཀྲམ་༡༥༠༠ མ་གཏོགས་ མི་གནས་པས་ཟེར་ཨིན་པས།
སྤྱི་ལོ་༢༠༢༤ ཟླ་༩ པའི་ཚེས་༢ ལུ་ འགོ་འབྱེད་འབད་མི་ སྒང་སྟེང་ཀེ་བ་ཚོང་སྒྱུར་མཐུན་རྐྱེན་ལྟེ་བ་གིས་ ཀེ་བ་མེ་ཊིག་ཊོན་༨༥༠ ཕྱི་སེལ་འབད་མི་གིས་ གནས་གོང་དངུལ་ཀྲམ་ས་ཡ་༢༦.༧ གནས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༢༣ གི་ ལོ་ཐོག་གི་ གནས་ཐོ་སྙན་ཞུ་དང་འཁྲིལཝ་ད་ དབང་འདུས་ལུ་ ལོ་བསྟར་ཀེ་བ་མེ་ཊིག་ཊཱོན་༡༧,༨༦༣ འབད་མིའི་ནང་ ས་ཆ་ཨེ་ཀར་རེ་ནང་ལས་ ཀེ་བ་ཐོན་སྐྱེད་༦,༥༤༨ དེ་ར་ ཐོན་ཡོདཔ་སྦེ་ཨིན་པས།
ཀེ་བ་ཚུ་ཡང་ སྤ་རོ་དང་ ཆུ་ཁ་ དབང་འདུས་ བུམ་ཐང་ མོང་སྒར་ དེ་ལས་ བཀྲིས་སྒང་རྫོང་ཁག་ཚུ་ནང་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་དབང་འདུས།

Advertisement