བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༥ པའི་༩ ལུ་ སྐྱེས་ལོ་༤༠ ལང་མི་ ཕོངས་མེད་རྒཔོ་རྣམ་རྒྱལ་དབང་འདུས་ལུ་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་ལུ་ འཁྲིག་སྤྱོད་དང་ ཨ་ལོ་བཟོ་བྱིན་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡༡ བཀལ་ཡོདཔ་ཨིན་པས།

རྣམ་རྒྱལ་དབང་འདུས་ཀྱིས་ བཙོན་ཁྲིམས་ལོ་༡༠ དང་ཟླཝ་༩ ཉིན་གྲངས་༨ བཙོན་ཁྲིམས་འབག་དགོ་ནི་ཨིནམ་ད་ དེ་ཡང་ ཁོ་ར་ བཀྲིས་སྒང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ དོ་དམ་འོག་ལུ་ བཙོན་ཁྲིམས་ཟླཝ་༢ དང་ ཉིན་གྲངས་༢༢ འབག་ནི་དེ་གིས་ཨིན་པས།

རྩོད་ཟླ་རྣམ་རྒྱས་དབང་འདུས་ཀྱིས་ ཉམས་རྒུད་པའི་གཟུགས་ཁར་ ཨ་ལོ་ཆགས་ཏེ་ གནོད་འཚེ་དང་ ཉམས་བཅུག་པའི་རྒྱུ་རྐྱེན་ཡོདཔ་ལས་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༦ དང་༣༩ པའི་༥ པ་དང་འཁྲིལ་ གྱོང་འཐུས་དངུལ་ཀྲམ་༢༢༥,༠༠༠ ཟླཝ་༡ གི་ནང་འཁོད་ སྤྲོད་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ཡོདཔ་ཨིན་པས།

འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཁོང་༢ མི་སྡེ་བརྡ་བརྒྱུད་ ཕེསི་བུག་དང་ ཝི་ཅེཌ་ཐོག་ སྤྱི་ལོ་༢༠༢༢ ལས་ཕྱད་དེ་ ངོས་ཤེས་འདྲིས་ཤེས་བྱུང་ནུག་ཟེར་ཨིནམ་ད་ ཉམས་རྒུདཔ་དང་གཅིག་ཁར་ འཕྱད་གེ་ཟེར་སླབ་སྟེ་ ཕྱད་པའི་ཤུལ་ལུ་ འཁྲིག་སྤྱོད་འབད་ནུག་ཟེར་ཨིན་པས།

ཤུལ་ལས་འབད་རུང་ མི་སྡེ་བརྡ་བརྒྱུད་ནང་ཕྱད་དེ་ འཁྲིག་སྤྱོད་འབད་ཡོདཔ་མ་ཚད་ འཁྲིག་སྤྱོད་འབད་ཡོད་པའི་སྐོར་ལས་ གཞན་ལུ་མ་སླབ་ཟེར་ རྩོད་ཟླ་གིས་ སླབ་ནུག་ཟེར་ཨིནམ་ད་ འཁྲིག་སྤྱོད་འབད་བའི་དུས་ཚོད་ནང་ ཉམས་རྒུདཔ་དེ་ སྐྱེས་ལོ་༡༤ ལས་བརྒལ་ མ་ལང་པས་ཟེར་ཨིན་པས།

རྒཔོ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་འཕྲི་སྣོན་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༡༨༣ ལས་བརྒལ་ཡོདཔ་ད་ བྱིས་པ་སྐྱེས་ལོ་༡༢ ཡན་ཆད་འབད་མི་ལུ་ འཁྲིག་སྤྱོད་འབད་བ་ཅིན་ བཙོན་ཁྲིམས་མཐོ་ཤོས་ལོ་༩ ལས་ ལོ་༡༥ ཕོག་ཟེར་ བཀོད་དེ་ཡོདཔ་ཨིན་པས།

ཉམས་རྒུདཔ་གིས་ སྤྱི་ལོ་༢༠༢༣ ཟླ་༡༡ པའི་ཚེས་༠༨ ལུ་ བཀྲིས་སྒང་སྨན་ཁང་ནང་ གསོ་བའི་བརྟག་དཔྱད་འབད་བའི་སྐབས་ ཨ་ལོ་ཆགས་ཏེ་ ཟླཝ་༣ ལང་ཡོད་པའི་ ཤེས་རྟོགས་བྱུང་ལྟེ་ རྣམ་རྒྱལ་དབང་འདུས་ལུ་ སླབ་ད་ ཁོ་གིས་ ཁས་ལེན་འབད་མ་བཏུབ་ཨིན་པས།

རྩོད་ཟླ་གིས་ ཉམས་རྒུདཔ་དེ་ ཨ་ལོ་ཆགས་པའི་ ཤེས་རྟོགས་བྱུང་བའི་ཤུལ་ལུ་ ཨ་ལོའི་ཨ་པ་ ཁོ་མེན་པར་ རྣམ་རྒྱལ་ཚེ་དབང་ཨིན་ཟེར་ སླབ་དགོ་པའི་སྐོར་ལས་ སླབ་ནུག་ཟེར་ཨིནམ་ད་ རྣམ་རྒྱལ་ཚེ་དབང་མེན་ཟེར་སླབ་ད་ ཉན་མ་བཏུབ་རུང་ ཁ་ཉེས་བཀལ་ནུག་ཟེར་ཨིན་པས།

ཉེས་འཛུགས་ཅན་ རྒཔོ་གིས་ ཁ་ཉེས་བཀལ་ཏེ་ ཉམས་རྒུདཔ་དང་ རྣམ་རྒྱལ་ཚེ་དབང་ཁོང་༢ ན་ཧིང་སྤྱི་ཟླ༡༡ པའི་ཚེས་༡༡ ལུ་ གཉེན་བསྡོམས་བྱིན་ནུག་ཟེར་ཨིནམ་ད་ ཁོང་༢ གཅིག་ཁར་སྡོད་དེ་ ཟླཝ་༡ ལྷག་ཙམ་སོང་བའི་ཤུལ་ལུ་ རྣམ་རྒྱལ་ཚེ་དབང་གིས་ ཨ་ལོའི་ཨ་པ་ ག་ཨིན་ན་ དྲི་དཔྱད་འབདཝ་ད་ ཉམས་རྒུདཔ་གིས་ རྣམ་རྒྱལ་དབང་འདུས་ཨིན་ཟེར་ སླབ་ལས་ ཁོ་གིས་ འབྲེལ་བ་མ་འཐབ་པས་ཟེརཨིན་པས།

དེའི་ཤུལ་ལུ་ ཉམས་རྒུད་པའི་ཕམ་གིས་ རྣམ་རྒྱལ་དབང་འདུས་འབད་སར་སོང་སྟེ་ འདྲི་བའི་སྐབས་ ཨ་ལོའི་ཨ་པ་ ཁོ་ཨིནམ་སྦེ་ ངོས་ལེན་འབད་ནུག་ཟེར་ཨིནམ་ད་ ཨ་ལོའི་མི་རྩིས་དང་ དཀའ་ངལ་ག་ཅི་འབྱུང་རུང་ ཁོ་གིས་ བལྟ་འོང་ཟེར་ སླབ་ཡོདཔ་མ་ཚད་ ནང་འགྲིགས་འབད་དེ་ ཕོཝ་ནང་གི་ ཨ་ལོའི་དོན་ལུ་ དངུལ་ཀྲམ་༣༠༠,༠༠༠ སྤྲོད་ལེན་འབད་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

ཉམས་རྒུད་པའི་གཟུགས་ཁར་ཆགས་མི་ ཨ་ལོའི་དོན་ལུ་ དངུལ་ཀྲམ་༣༠༠,༠༠༠ སྤྲོད་མི་དེ་ ཉེས་ཅན་དང་འབྲེལ་བའི་ རྒྱུ་དངོས་ནང་ ཚུད་དོ་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༤༦ དང་འཁྲིལ་ བདུན་ཕྲག་༡ གི་ནང་འཁོད་ གཞུང་རྩིས་སྦེ་ བཙུགས་དགོ་ཟེར་ འཁྲུན་ཆོད་ནང་ བཀོད་ཡོདཔ་ཨིན་པས།

ཁྲིམས་འདུན་གྱིས་ ཨ་ལོའི་གསོ་འཐུས་ཀྱི་ ཐོབ་ལམ་ཐད་ཁར་ ཨ་ལོ་སྐྱེས་ཚར་ཞིནམ་ལས་ རྩོད་གཞི་ལོགས་སུ་བཙུགས་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན་པས།

ཉམས་རྒུདཔ་ལུ་ འཁྲིག་སྤྱོད་འབད་དེ་ ཨ་ལོ་ཆགས་པའི་མཐའ་མར་ རྩོད་ཟླ་རྣམ་རྒྱལ་དབང་འདུས་དང་ དགོན་པའི་མཁན་པོ་ རྣམ་རྒྱལ་ཚེ་དབང་གི་ཕམ་ དེ་ལས་ ཉམས་རྒུད་པའི་ཕམ་ཚུ་ འཛོམས་ཐོག་ལས་ གཉེན་བསྡོམས་བཅུག་མི་དེ་ བཙན་གཡེམ་གྱི་གནོད་འགེལ་ནང་ གྲལ་གཏོགས་ཡོདཔ་སྦེ་ཨིན་པས།

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ བཙན་གཡེམ་གྱི་གནོད་འགེལ་ནང་ གྲལ་གཏོགས་འབད་མི་ གཞན་ཡང་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡོད་རུང་ རྩོད་ཟླ་ལུ་མ་གཏོགས་ གཞན་མི་ཚུ་ལུ་ ཉེས་འཛུགས་འབད་དེ་མེདཔ་ལས་ ཁྲིམས་འདུན་ལས་ ཉེས་ཁྲིམས་སྨིན་ཐབས་མིན་འདུག་ཟེར་ཨིན་པས།

ད་ལས་ཕར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ འབྲུག་གི་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་ དོན་ཚན་༡༨༧ དང་འཁྲིལ་ ཉེས་ལས་དང་འབྲེལ་བའི་ ཉེས་འཛུགས་འབད་དེ་ ཁྲིམས་འདུན་ལུ་ བཀལ་དགོ་ཟེར་ བཀའ་གནང་ཡོདཔ་ཨིན་པས།

ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ ཡིད་ཆེས་འབྱུང་མ་ཚུགས་པ་ཅིན་ འབྲུག་གི་ ཞི་རྩོད་དང་ཉེས་རྩོད་ བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་ དོན་ཚན་༩༦.༥ དང་ དོན་ཚན་༡༠༩.༡ པའི་ ག་དང་འཁྲིལ་ཏེ་ ཞག་གྲངས་༡༠ གྱི་ནང་འཁོད་ ཁྲིམས་ཁང་གོང་མ་ལུ་ མཐོ་གཏུགས་འབད་ཆོག་ཟེར་ཨིན་པས།

ཤེས་རྟོགས་བྱུང་མའི་ནང་ ཉམས་རྒུདཔ་ལུ་ བསླབ་སྟོན་བྱིན་ཡོདཔ་མ་ཚད་ མོ་ར་ ཨ་ལོ་སྐྱེ་རན་ཡོདཔ་བཞིན་དུ་ འཕྲོད་བསྟེན་ལེགས་ཤོམ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

Advertisement